ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཞབས་ཨབ་དུལ་ཀ་ལམ་མཆོག་གིས་འབྱུང་འགྱུར་རྒྱ་གར་གྱི་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུའི་འཆར་སྣང་ལག་བསྟར་ལས་འགུལ་ཚོགས་ཆུང་གིས། ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར། བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུ་ Tamil Nadu མངའ་སྡེའི་གྲོང་ཁྱེར་ཅེན་ནའི་ Chennai ནང་རྟེན་གཞི་བྱས་པའི་ཚོང་ལས་བསྟི་གནས་ཁང་དུ་རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ཨབ་དུལ་ཀ་ལམ་ Dr. A P J Abdul Kalam མཆོག་གི་མཚན་ཐོག་གི་རྗེས་དྲན་གཟེངས་རྟགས་གནང་ཐེངས་དང་པོ་དེ་གསོལ་སྩལ་མཛད་ཡོད།
དེ་ཡང་མཛད་སྒོའི་གོ་སྒྲིག་ཚོགས་ཆུང་ཁོངས་སུ་སྐུ་ཞབས་ཨབ་དུལ་ཀ་ལམ་མཆོག་གིས་འབྱུང་འགྱུར་རྒྱ་གར་གྱི་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུའི་འཆར་སྣང་ལག་བསྟར་ལས་འགུལ་ཚོགས་ཆུང་ Abdul Kalam Vision India Movement དང་མ་ད་ར་སི་འཛིན་སྐྱོང་ཚོགས་པ་ Madras Management Association (MMA)ཐུན་མོང་གིས་གོ་སྒྲིག་འོག རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ཨབ་དུལ་ཀ་ལམ་མཆོག་གི་མཚན་ཐོག་གི་རྗེས་དྲན་གཟེངས་རྟགས་འབུལ་རྒྱུའི་མཛད་སྒོར་མ་ད་ར་སི་འཛིན་སྐྱོང་ཚོགས་པའི་སྐུ་ཞབས་ཊི་ཤི་ཝ་ར་མན་ Mr T Shivaraman ལགས་ཀྱིས་གནད་ཡོད་མི་སྣ་དང་སྐུ་མགྲོན་རྣམ་པར་ཕེབས་བསུ་ཞུས་པ་དང་སྦྲགས།
༸གོང་ས་མཆོག་ལ་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་དགོས་དོན་ནི་རླབས་ཆེན་དབུ་ཁྲིད་གཅིག་གིས་རླབས་ཆེན་དབུ་ཁྲིད་གཞན་ཞིག་ལ་ཆེ་བསྟོད་གནང་ཆེད་ཡིན། ཞེས་གསུངས་པ་དང་ལྷན་ཁོང་གིས་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་གཤེགས་ཨབ་དུལ་ཀ་ལམ་ Dr. A P J Abdul Kalam མཆོག་དང་༸གོང་ས་མཆོག་གིས་གསུང་རྩོམ་ལས་བཏུས་ནས་རྩོམ་ཡིག་ཁག་གཅིག་སྙན་སྒྲོན་ཞུས།
དེ་ནས་རྒྱ་གར་གྱི་འོས་བསྡུ་ལྷན་ཁང་གི་འགན་འཛིན་ཟུར་པ་སྐུ་ཞབས་ཊི་ཨེས་ཀྲིཤྣཱ་མུརྟི་ TS Krishnamurthy མཆོག་གིས་གསུང་བཤད་གནང་གྲུབ་བསྟུན། རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ཨབ་དུལ་ཀ་ལམ་མཆོག་ཚན་རིག་པ་ཞིག་ཡིན་སྟབས། དམ་པ་ཁོང་གི་ཚན་རིག་གི་སྡེ་ཚན་ནང་གཟེངས་སུ་ཐོན་པའི་བྱས་རྗེས་ཁག་བརྙན་འཕྲིན་གྱི་ལམ་ནས་མང་ཚོགས་ལ་བསྟན་འདུག དེ་རྗེས་སྲིད་འཛིན་དམ་པ་ཁོང་གི་སློབ་སྟོན་པ་སྐུ་ཞབས་ཝི་པོ་ནར་ཇི་ V.Ponarj ལགས་ཀྱིས་ཁོང་ཉིད་སྲིད་འཛིན་དམ་པ་མཆོག་དང་ལྷན་འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་ཕྱག་ལས་གནང་བའི་མྱོང་ཚོར་ཇི་བྱུང་སྐོར་གསུང་བཤད་གནང་བསྟུན། གཞས་པ་གྲགས་ཅན་ཨ་རུ་ན་ས་ཡི་རཱམ་ Aruna Sairam ལགས་གྱིས་ཆེ་བསྟོད་ཀྱི་གླུ་དབྱངས་བླངས་རྗེས་ཁྲིམས་དཔོན་ཀེ་ཨེན་བ་ཤ་ KN Basha མཆོག་གིས་ཏ་མིལ་སྐད་ཐོག་གསུང་བཤད་གནང་།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ལོ་རྒྱུས་ཅན། དངོས་གནས་དྲང་གནས་འཛམ་གླིང་འདིའི་སྒང་རྣམ་དཔྱོད་ལྡན་པའི་སྐྱེ་བུ་མང་པོ་ཐོན་སའི་ཡུལ་འདིའི་ཉེ་བའི་དུས་རབས་ཀྱི་སྐྱེས་བུ་དམ་པ་ཨབ་དུལ་ཀ་ལམ་དམ་པ་ཁོང་ཉིད་འཚོ་ཞིང་བཞེས་པའི་རིང་ལ་དངོས་གནས་དྲང་གནས་མི་མང་གི་བདེ་རྩ་ཁ་ཡོད་ལག་ཡོད་ཀྱི་སྒང་ལ་དགོངས་པ་བཞེས་གནང་བ་དང་། དེ་འདྲའི་ལམ་སྟོན་གསལ་པོ་ཞིག་ཡོད་པ་དེ་ཁོང་འདས་ཟིན་པའི་རྗེས་ལ་ཁོང་ཉིད་མཆོག་ལ་མངོན་པར་བསྟོད་ནས་ཁོང་གི་མཛད་པ་ལ་རྗེས་སུ་ཡི་རང་བྱེད་མཁན་ཁྱེད་རང་ཚོས་ཁོང་གི་རླབས་ཆེ་བའི་མཛད་པ་དེ་མུ་མཐུད་དེ་བསྐྱང་རྒྱུའི་སེམས་ཤུགས་བསྐྱེད་དེ། དེ་འདྲའི་ལྷག་བསམ་ལྡན་པའི་བྱས་རྗེས་ཅན་གྱིས་དཀའ་ལས་བརྒྱབ་པ་དེར་ངོས་འཛིན་གསལ་པོའི་ཐོག་ནས་རྗེས་སུ་ཡི་རང་དང་བསྔགས་བརྗོད་དང་འབྲེལ་བའི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུའི་ལས་འགུལ་ཞིག་དེ་རིང་ནས་འགོ་འཛུགས་བྱས་ཡོད། དེ་རིང་ངོས་ཀྱིས་འགོ་འཛུགས་བྱ་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་། ཞེས་ཞུ་རྒྱུ་ཡིན། སྤྱིར་དམ་པ་ཁོང་འདས་ཟིན་ནའང་ང་ཚོས་དམ་པ་ཁོང་གི་སྙིང་སྟོབས་ལ་ཡི་རང་ཞུ་ཐོག་རྗེས་དྲན་ཞུ་བཞིན་ཡོད།
ངོས་རང་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱང་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་ཆེན་ཐོག་རྒྱ་གར་དུ་སླེབ་སྐབས་ངོས་ཀྱིས་མ་ད་ར་སི་མཐོང་མྱོང་ཡོད། སྐབས་དེར་གྲོང་ཁྱེར་འདིའི་ཕྱིའི་བཀོད་པར་འཛུགས་སྐྲུན་ཤུགས་ཆེ་འགྲོ་བཞིན་པའི་སྐབས་ཤིག་རེད་འདུག་སྙམ་བྱུང་། དེར་བརྟེན་ངོས་ལ་གྲོང་ཁྱེར་འདི་རྒྱུས་མངའ་ཡོད། ཕྱི་དངོས་པོའི་འཛུགས་སྐྲུན་ཟེར་བ་དེ་འཛམ་གླིང་སྤྱིའི་འགྲོ་སྟངས་ལྟ་བུ་ཆགས་ཡོད། གལ་ཆེ་ཤོས་དེ་ནང་སེམས་རྒྱུད་ལ་བདེ་སྐྱིད་སྐྲུན་ཐུབ་པ་ཞིག་དགོས། དེ་ཧ་ཅང་གལ་ཆེན་པོ་རེད། གཞན་ཁང་པ་ཆེ་ཐག་ཆོད་ཡོད་ནའང་བསམ་བློའི་ནང་དངངས་སྐྲག་དང་སེམས་ངལ་གྱིས་ཁེངས་ནས་སྡོད་དགོས་བྱུང་ཚེ་སྐྱིད་པ་གང་ཡང་མེད། ཕྱིའི་མཐུན་རྐྱེན་རྐྱང་པས་སེམས་ནང་བདེ་སྐྱིད་བསྐྲུན་མི་ཐུབ།
དུས་རབས་ ༢༠ འདི་བཞིན་ངོས་ཀྱི་མི་ཐོག་གི་དུས་རབས་ཤིག་ཆགས་ཡོད། དུས་ཚོད་དེ་རྫོགས་ཟིན་པ་རེད། དུས་རབས་ ༢༠ ནང་ཁོར་ཡུག་གཏོར་བཤིག་གིས་མཚོན་པས་དཀའ་ངལ་མང་པོ་ཞིག་བཟོས་ཡོད། དེར་བརྟེན་དུས་རབས་ ༢༡ མི་རབས་ཁྱེད་རང་ཚོར་དཀའ་ངལ་དེ་དག་སེལ་རྒྱུའི་ལས་འགན་སྤྲད་ཡོད། འོན་ཀྱང་ངོས་ཀྱིས་བསམ་པར་གལ་ཏེ་ང་ཚོས་ད་ལྟ་ཉིད་ནས་དཀའ་ངལ་དེ་དག་སེལ་རྒྱུར་འབད་བརྩོན་བྱས་ཚེ། དུས་རབས་འདིའི་མཇུག་གམ་ཡང་ན་ཁྱེད་རང་ཚོའི་མི་ཚེ་འདིའི་ནང་འཛམ་གླིང་འདི་ཞི་བདེ་དང་། མཐུན་སྒྲིལ། བྱམས་བརྩེ་ལྡན་པ་ཞིག་བསྐྲུན་ཐུབ་ཀྱི་རེད། ང་ཚོ་ཚང་མ་ལུས་སེམས་དང་། སེམས་ཚོར་གང་གི་ཆ་ནས་འགྲོ་བ་མིའི་འདུ་ཤེས་འཛིན་མཁན་གཅིག་འགྱུར་ཆགས་ཡོད། ང་ཚོ་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད། འོན་ཀྱང་ང་ཚོར་རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་ང་ཚོ་དང་ཁོང་ཚོ་ཞེས་ཕན་ཚུན་དབྱེ་བ་འབྱེད་བཞིན་ཡོད། དེར་བརྟེན་རྙོག་གྲ་ཡོང་བཞིན་ཡོད། དེང་སྐབས་གོ་ལའི་ཁོར་ཡུག་གི་དཀའ་ངལ་འཛམ་གླིང་ཚང་མས་མྱོང་དགོས་སྟབས་དེས་ང་ཚོར་གོ་ལ་འདི་ཁོ་ན་ང་ཚོའི་སྡོད་ཁང་ཡིན་པ་ལས་གཞན་མེད་པའི་བརྡ་ལན་ཞིག་སྤྲོད་བཞིན་ཡོད། འཕྲུལ་ཆས་ཡར་རྒྱས་ཀྱིས་འཛམ་གླིང་ས་ཕྱོགས་ཕན་ཚུན་ཧ་ཅང་ཐག་ཉེ་པོ་བཟོས་ཡོད།
དེ་བཞིན་གོ་ལའི་དཔལ་འབྱོར་གྱི་གནས་སྟངས་ལ་གཞིགས་སྐབས་སུའང་ང་ཚོ་ཕན་ཚུན་གཅིག་ལ་གཅིག་མ་རྟེན་པར་འཚོ་ཐབས་བྲལ་བའི་གནས་སྟངས་ཤིག་ཡིན་པ་ར་སྤྲོད་གསལ་སྟོན་བྱེད་བཞིན་ཡོད། ང་ཚོ་འགྲོ་བ་མིའི་རིགས་ཚང་མ་ཁྱིམ་ཚང་གཅིག་ཆགས་ཡོད། ང་ཚོ་ཕན་ཚུན་དབར་ཆོས་དད་དང་། རིག་རུས། ཐོབ་གོ་ས་སོགས་རིམ་པ་གཉིས་པའི་གནས་སྟངས་ཐོག་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་ཀྱང་། རྒྱ་ཆེ་ས་བཤད་ན་གནད་དོན་དེ་དག་དེ་ཙམ་གལ་ཆེན་པོ་མ་རེད། ང་ཚོ་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྒྲུབ་རྒྱུའི་ཐོབ་ཐང་གཅིག་མཚུངས་སུ་ཡོད་པ་མ་ཟད། མི་ཚང་མ་སྤྱི་ཚོགས་ལ་རྟེན་དགོས་པའི་སེམས་ཅན་ཞིག་ཆགས་ཡོད་སྟབས་ཕན་ཚུན་གཅིག་གི་གཅིག་ལ་རྟེན་དགོས་ཀྱི་ཡོད།
དེང་སྐབས་ཚན་རིག་པ་མང་པོ་ཞིག་གིས་ནང་སེམས་རྒྱུད་དང་འབྲེལ་བའི་གནས་སྟངས་ལ་དོ་སྣང་ཧ་ཅང་བྱེད་བཞིན་ཡོད། དེ་གལ་ཆེར་ངོས་འཛིན་བྱེད་བཞིན་ཡོད་སྟབས། བཟང་པོའི་བློ་དེ་དག་གོང་ཏུ་བཏང་ནས་བློ་ངན་པ་དེ་དག་ཇེ་ཉུང་དུ་གཏོང་ཐབས་བྱེད་བཞིན་འདུག་པ་མ་ཟད། གཞི་རྩའི་འགྲོ་བ་མིའི་རང་གཤིས་དེ་བྱམས་བརྩེའི་རང་བཞིན་ཡིན་པ་བརྟག་དཔྱད་ཀྱི་ལམ་ནས་ར་སྤྲོད་བྱུང་ཡོད། དེར་བརྟེན་བཟང་ཕྱོགས་ཀྱི་རེ་བ་རྒྱག་ས་ཞིག་ཡོད། གཞི་རྩ་དེ་ལ་བཞག་ནས་ང་ཚོས་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཐུབ། དེར་བརྟེན་ངོས་ཀྱིས་གཞོན་སྐྱེས་ཚོར་སློབ་གསོ་རྒྱག་རྒྱུ་གང་ཡིན་བརྗོད་ན། ཁྱེད་ཚོས་ངེས་པར་དུ་གནས་ཚུལ་འདི་དག་ཐོག་བསམ་བློ་གཏོང་དགོས། རེ་བ་བརླག་པ་དང་ཡིད་ཐང་ཆད་པ་སོགས་བྱེད་རྒྱུ་མེད། ད་འགྲིག་བསྡད་ཡོད་བསམས་ནས་སྡོད་རྒྱུ་མེད། དཀའ་ངལ་དེ་དག་ང་ཚོས་སེལ་ཐུབ། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ། དེ་རྗེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་བསྟུན་ཚང་མ་སྐུ་བཞེངས་ཐོག་རྒྱ་གར་གྱི་རྒྱལ་གླུ་བཏང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།