༢༠༡༥ ཟླ་ ༡༡ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༦ ནས་ཕྱི་ཟླ་ ༡༡ ཚེས་ ༩ བར་ཉིན་གྲངས་ ༢༥ རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་ཐོག་རྡ་ས་བོད་ཀྱི་ཟློས་གར་ཚོགས་པའི་ནང་གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་རྣམས་ལ་རོལ་ཆའི་སྒྱུ་རྩལ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་ཟབ་སྦྱོང་མཇུག་བསྡོམས་ཀྱི་མཛད་སྒོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གཙོས་བོད་ཀྱི་ཟློས་གར་ཚོགས་པའི་དབུ་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་། ཤེས་རིག་ཤེས་ཡོན་ལྷན་ཚོགས་དང་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་ཚན་གྱི་རྒན་བློ་བཟང་བསམ་གཏན་ལགས། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་རྣམ་པ་དང་། གཏན་ཉིན་སློབ་གྲྭ་ཁག་ནས་ཕེབས་པའི་ཚོགས་བཅར་བ་ཟློས་དགེ་གྲངས་ ༣༠། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༤༠ བརྒལ་བ་འདུ་འཛོམས་གནང་ཐོག ཟློས་དགེ་རྣམས་ཀྱིས་རོལ་ཆ་སྦྱང་འབྲས་ཁག་གཅིག་གཟིགས་འབུལ་ཞུས་གྲུབ་མཚམས། ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་འཚམས་འདྲི་དང་ཐེངས་འདིའི་ཟློས་དགེ་ཟབ་སྦྱོང་གི་ལས་བསྡོམས་སྙན་སྒྲོན་ཞུས།
དེ་ནས་ཟབ་སྦྱོང་ཐོག་བཅར་བའི་ཟློས་དགེ་གཅིག་གིས་ཚོགས་བཅར་བ་ཡོངས་ཀྱི་ཚབ་ཞུས་ཏེ་ཟབ་སྦྱོང་སྐབས་མྱོང་ཚོར་གང་བྱུང་སྐོར་གསུངས། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་དབུ་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ནས་ཟབ་སྦྱོང་དང་འབྲེལ་བའི་སྐོར་གསུང་བཤད་གནང་གྲུབ་བསྟུན། བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་ཚན་འགན་འཛིན་བློ་བཟང་བསམ་གཏན་ལགས་ནས་སྦྱོང་བརྡར་གྱི་གྲུབ་འབྲས་དང་འབྲེལ་བའི་སྐོར་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཟབ་ཁྲིད་གནང་མཁན་བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་རྣམ་པ་དང་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཟློས་དགེ་རྣམ་པར་མཇལ་དར་དང་ཕྱག་ཁྱེར་གནང་གྲུབ་མཚམས་གསུང་བཤད་གནང་དོན། དེ་རིང་མཇུག་སྡོམ་མཛད་སྒོའི་སྐབས་སུ་ད་ལྟ་གོང་དུ་ཤེས་ཡོན་འགན་འཛིན་དང་འཁྲབ་སྟོན་འགན་འཛིན། དེ་བཞིན་ཟློས་གར་གྱི་དབུ་འཛིན་རྣམ་པས་གནད་འགག ལོ་རྒྱུས། བྱུང་རིམ་སོགས་ཀྱི་ཐོག་ཞིབ་ཕྲ་གསུངས་བར་བརྟེན། ངས་བསྐྱར་ལྡབ་མང་པོ་ཞིག་ཞུ་རྒྱུ་གང་ཡང་མི་འདུག འོན་ཀྱང་གསུང་བཤད་དེ་དག་ཉན་སྐབས་དངོས་གནས་དེ་རིང་ཟབ་སྦྱོང་དེ་ཉིད་འཆར་གཞི་སྒྲིག་སྐབས་ནམ་རྒྱུན་ང་ཚོས་གནད་ལ་འཁེལ་བ་ཞེས་བརྗོད་སྲོལ་་པ་ལྟར། ཐེངས་འདིའི་ཟབ་སྦྱོང་འདི་གནད་ལ་འཁེལ་བ་ཞིག་བྱུང་འདུག་བསམས་པ་ཞིག་དྲན་སོང་། བར་ལམ་ཞིག་ནས་ང་ཚོ་ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་ཐོག་ཤུགས་གནོན་ཆེན་པོ་ཞིག་བརྒྱབ་ཡོད། དགེ་རྒན་ཤུགས་གནོན་རྒྱག་སྟངས་འདི་ཡང་གཅིག་ནས་དགེ་རྒན་གྱི་ཤེས་ཚད་ཡག་པོ་དགོས་ཀྱི་འདུག གཉིས་པ་དེ་ཤེས་ཚད་ཡོད་པ་འདི་ཡང་སློབ་ཁྲིད་ཀྱི་ཐབས་ལམ་དེ་ཡག་པོ་དགོས་ཀྱི་འདུག
གསུམ་ནས་ལྷག་བསམ་རྣམ་དག་ཡོང་རྒྱུ་སོགས་རིམ་པ་གསུམ་གྱི་ཐོག་ལ་ཤུགས་གནོན་རྒྱག་བཞིན་ཡོད། ཐོག་མར་ཤེས་ཚད་ཡག་པོ་ཡོང་བ་དང་ཤེས་ཚད་གོང་མཐོར་གཏོང་སླད་ང་ཚོས་ལས་འཆར་མང་པོ་ཞིག་སྤེལ་གྱི་ཡོད། དགེ་རྒན་སྤྱི་དང་སྒེར་གཉིས་ཀར་མཐུན་རྐྱེན་བསྐྲུན་ཏེ་ཤེས་ཚད་གོང་མཐོར་གཏོང་ཐབས་བྱས་ཡོད། སྤྱིར་ཟློས་དགེ་རྣམ་པ་ཚོར་ཆ་མཚོན་ནའང་ལས་འཆར་དེ་དང་འབྲེལ་བ་ཡོད་པ་ཞིག་དང་། ལྷག་པར་ཟློས་གར་རིག་གནས་འདི་བཞིན་སྤྱིར་རྒྱ་ཆེ་བར་བརྟེན་སོ་སོ་དཀའ་ངལ་འཕྲད་སའི་རོལ་ཆ་གང་དང་གང་ཡིན་ནའང་དེའི་ཐོག་ལ་སྦྱང་བརྩོན་གནང་རྒྱུ་གལ་ཆེན་པོ་ཡིན་སྟབས། དེ་རིང་པི་ཝང་ཐོག་ལ་འགོ་མཇུག་བར་གསུམ་དུ་ལས་དོན་ཡག་པོ་ཞིག་གནང་འདུག་བསམས་ཀྱི་འདུག
ཁྱེད་རང་ཚོས་རོལ་ཆ་མ་ཤེས་པ་དེ་ཤེས་པར་བཟོ་ཐུབ་པ་དང་། ཤེས་རིག་ལས་ཁུངས་ངོས་ནས་གོ་སྒྲིག་བྱས་པ་འདི་ཡང་གོ་ཆོད་པ་ཞིག་བྱུང་འདུག་བསམ་པ་ཞིག་དྲན་སོང་། གང་ལྟར་ཆང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། རིག་གཞུང་ཐོག་ནས་ཞུས་ན། ད་ལྟ་ང་ཚོའི་འཐབ་རྩོད་ནང་ལ་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་ཟེར་བ་འདི་ང་ཚོའི་ལས་འགན་གལ་ཆེ་ཤོས་ཤིག་ཆགས་ཡོད། དེར་བརྟེན་རིག་གཞུང་གཅེས་སྐྱོང་བྱ་རྒྱུ་དེ་སྤྱིར་བོད་མི་སྤྱི་ཡོངས་ཀྱི་ལས་འགན་ཡིན་རུང་། དེ་སྤྱི་པའི་ལས་འགན་རེད། ཟེར་ནས་ཁྱད་དུ་མི་གསོད་པར་སྤྱི་པའི་ལས་འགན་དེ་མི་སྒེར་སོ་སོས་ཕྱར་གྲུ་མཉམ་འདེགས་བྱ་དགོས་པ་ཞིག་ཆགས་ཡོད། སོ་སོའི་རིག་གཞུང་འདི་མི་ཉམས་གོང་སྤེལ་ཆེད་ང་ཚོར་འགན་ཡོད་བསམས་པའི་ཐོག་ནས་འགན་འཁུར་མཁན་ཞིག་ཆགས་ཡོད་སྟབས། སོ་སོའི་ལས་འགན་འདི་སློབ་གྲྭ་ཆེ་ཆུང་གང་འདྲ་ཞིག་གི་ནང་ཡིན་རུང་ཕྲུ་གུར་སློབ་སྦྱོང་སྤྲད་པ་ཙམ་མིན་པར་འདིའི་བརྒྱུད་ནས་བོད་སྤྱི་པའི་ལས་དོན་ཐོག་ཞབས་འདེགས་ཞུས་པ་ཞིག་ཆགས་ཡོད་པ་དེ་ནམ་ཡང་བརྗེད་མི་རུང་། སོ་སོར་ཚོར་བ་དང་ངེས་པ་ཞིག་བརྙེད་པ་ཡིན་ན། སོ་སོའི་འགན་འཁུར་དེ་ཆེན་པོ་ཞིག་ཚོར་ཡོང་གི་འདུག ཁྱེད་རང་ཚོའི་ཞབས་འདེགས་དེ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད། དེར་བརྟེན་རྒན་ལགས་རྣམ་པ་ཚོས་དེ་འདྲའི་དགོངས་པ་བཞེས་ཏེ་ང་ཚོའི་རིག་གཞུང་ཧ་ཅང་ཉམས་སྨད་འགྲོ་བཞིན་ཡོད་སྟབས་སྐུ་ལས་ཁག་པའི་སྐབས་སུ་ལས་ཀ་བྱས་ཏེ་ཉར་ཐུབ་པ་བྱེད་ཐུབ་མཁན་ཞིག་ཆགས་ཀྱི་ཡོད། ཁྱེད་རང་ཚོ་ཧ་ཅང་ཕྱག་ལས་ཡག་པོ་གནང་གི་ཡོད་འདུག
གཉིས་པ་ནི། ཟློས་གར་གྱི་རིག་གཞུང་འདི་དམར་པོའི་སྤྱི་ཚོགས་ནང་ཕྱིར་ལོག་ལ་ཁྱབ་བསྒྲགས་དང་། ཆབ་སྲིད་དྲིལ་བསྒྲགས། ལྟ་བའི་སློབ་གསོ་བྱེད་རྒྱུའི་ཐོག་བེད་སྤྱོད་གཏོང་གི་ཡོད་ས་རེད། ང་ཚོས་དེ་ལྟར་བེད་སྤྱོད་བཏང་གི་མེད། དེང་སྐབས་སྤྱི་ཚོགས་གང་དུ་ཕྱིན་ནའང་། ཟློ་གར་གྱི་རིག་གཞུང་གི་བློ་བུར་དུ་ཡིད་འཕྲོག་ཐུབ་པ་དང་། བློ་ལྷོད་ལྷོད་ཆགས་རྒྱུ། བརྡ་ལན་དམིགས་བསལ་སྤྲོད་རྒྱུ། སློབ་གསོ་སྤྲོད་ཐུབ་རྒྱུ་སོགས་ནུས་པ་ཅན་ཞིག་རེད་འདུག དེར་བརྟེན་འདིར་བསྲེས་ལྷད་མི་འགྲོ་བར་ང་ཚོའི་རིག་གཞུང་གཙང་མ་འདི་གཙང་མ་རང་དུ་ཉར་ཐུབ་དགོས། སློབ་གྲྭ་ཁག་གི་ནང་འདིའི་ཐོག་དམིགས་བསལ་དོ་སྣང་གནང་རོགས་ཞུ་འདོད་བྱུང་། ཞེས་གསུངས། ཕྱོགས་མཚུངས་ཤེས་རིག་བཀའ་བློན་མཆོག་གིས་ཟློས་དགེ་རྣམས་ནས་རོལ་རྡུང་དཀྲོལ་གསུམ་དང་འཁྲབ་སྟོན་གཅིག་པུ་མིན་པར་དེའི་རྒྱབ་ལྗོངས་ལོ་རྒྱུས་ཀྱི་ཐོག་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ཡིན་སྐོར་གྱི་གསུང་བཤད་གནང་།
དེ་རྗེས་ཤེས་རིག་སྲོལ་རྒྱུན་ཚན་པ་དང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་གཅིག་ལྕོགས་རྒན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་དང་ཟློས་གར་ཚོགས་པའི་དབུ་ལས་ལྷན་དུ་ཚོགས་བཅར་བ་རྣམས་སྐུ་པར་བསྒྲོན་ཏེ་མཇུག་བསྡོམས་ཀྱི་མཛད་སྒོ་གྲོལ།།