༢༠༡༥ ཟླ་ ༡༡ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༤ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་ཕོ་བྲང་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་རྟེན་གཞི་བྱས་པའི་ཁེ་ལས་སྒྲིག་འཛུགས་ American Enterprise Institute ཀྱི་སློབ་སྟོན་ཚན་པས་གོ་སྒྲིག་འོག་ལས་རིགས་འདྲ་མིན་གཉེར་མཁན་གྱི་མི་སྣ་ ༣༨ དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བཅས་མགྲོན་འབོད་གནང་བ་མ་ཟད། རྡ་སའི་ཁེ་ལས་ཚོང་པའི་ཚོགས་མི་ཚང་འཛོམས་ཐོག ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བོད་མི་ཚོས་སྔ་མོ་ནས་འཕགས་ཡུལ། ཞེས་རྒྱ་གར་ནི་སངས་རྒྱས་ཀྱི་བསྟན་པ་དར་སའི་གནས་ཤིག་ལ་རྩི་བཞིན་ཡོད་པ་མ་ཟད། ལྷག་པར་ངོས་རང་ལ་མཚོན་ན། འདས་པའི་ལོ་ ༥༧ ཙམ་ལ་ང་ཚོ་བཙན་བྱོལ་བོད་མིའི་གནས་ཚང་ཞིག་ཏུ་གྱུར་ཡོད། ཅེས་ཐོག་མར་ངོ་སྤྲོད་ཀྱི་ཚུལ་དུ་བཀའ་སློབ་སྩལ་བསྟུན། ཁེ་ལས་སྒྲིག་འཛུགས་ཀྱི་སློབ་སྟོན་ཚན་པའི་འགན་འཛིན་སྐུ་ཞབས་ཨར་བྷུ་རུག་ Arthur Brooksལགས་ཀྱིས་བགྲོ་གླེང་ཚོགས་འདུའི་སྐབས་ཁེ་ལས་པའི་ལས་དོན་དང་དབུལ་ཕོངས་ཀྱི་གནས་སྟངས། དབུལ་ཕོངས་ལས་སྐྱོབ་ཐབས་སོགས་བརྗོད་གཞི་དེ་དག་སྐོར་རིམ་བཞིན་བགྲོ་གླེང་གནང་རྒྱུ་ཡིན་སྐོར་སོགས་གསལ་བཤད་ཞུས་པ་དང་སྦྲགས། ཁོང་རང་ཉིད་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་མི་ཚེའི་ནང་བཟང་སྤྱོད་ཉམས་ལེན་དང་། ལས་དོན་གང་ཅིར་བློ་རྩེ་གཅིག་གཏད་དགོས་པ། དེ་བཞིན་ཤེས་རབ་གོང་སྤེལ་གཏོང་རྒྱུ་སོགས་དོན་གྱི་སྙིང་པོར་འཛིན་ཐུབ་པ་བྱུང་སྐོར་གསུངས།
སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་བདེ་སྡུག་གི་ཚོར་བ་མྱོང་མཁན་སྲོག་ཆགས་གཅིག་མཚུངས་ཡིན། སྲོག་ཆགས་ཚང་མས་རང་གི་སྲོག་ལ་གཅེས་འཛིན་བྱེད་བཞིན་ཡོད། འོན་ཀྱང་ཀླད་པའི་ཚད་གཞི་ཆེ་ཆུང་ལ་བརྟེན་ནས་ང་ཚོ་དང་སྲོག་ཆགས་གཞན་དབར་རྣམ་དཔྱོད་ཆེ་ཆུང་ཁྱད་ཡོད། མི་རྣམས་སྲོག་ཆགས་གཞན་དང་བསྡུར་བ་ཡིན་ན་རྣམ་དཔྱོད་ཡག་ཤོས་ཡིན། དེར་བརྟེན་ང་ཚོས་རྣམ་དཔྱོད་བཀོལ་ནས་འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ། ང་ཚོ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་ཀྱི་ཡོད། སྡུག་པོ་སུས་ཀྱང་མི་འདོད། འོན་ཀྱང་ང་ཚོས་རང་གིས་བཟོས་པའི་དཀའ་ངལ་དེ་དག་ཇི་ལྟར་སེལ་རྒྱུ་ཡིན་མིན་ཐོག་བསམ་བློ་གཏོང་དགོས། དཀའ་ངལ་དེ་དག་བྱམས་བརྩེའི་བསམ་པ་ལས་བྱུང་བ་མིན། ཞེ་སྡང་དང་རང་གཅེས་འཛིན་གྱི་བློ་སོགས་ཆགས་སྡང་ཉོན་མོངས་ལ་བདེན་ཁ་འབྱིན་ནས་དཀའ་ངལ་དེ་དག་བྱུང་ཡོད། ང་ཚོར་རྣམ་དཔྱོད་ཡོད་སྟབས་དཀའ་ངལ་དེ་དག་ལ་ཕྱོགས་མང་པོའི་གནས་ཚུལ་གཞི་ལ་བཞག་ནས་ལྟ་ཐུབ་ཀྱི་ཡོད། དེར་བརྟེན་ཁོང་ཁྲོ་དང་ཞེ་སྡང་གི་བློས་སེམས་ཀྱི་ཞི་དཀྲུག་བཞིན་ཡོད་པར་བརྟེན། ནང་མིའི་ནང་ལ་མཚོན་ནའང་ཞི་བདེ་བག་ཕེབས་མེད་པ་བཟོ་བཞིན་ཡོད། ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན།
དེར་བརྟེན་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལ་བསམ་བློ་གཏོང་དགོས། འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་ཚང་མར་སེམས་ཁུར་བྱེད་དགོས། དེང་སྐབས་དངོས་པོ་འཛུགས་སྐྲུན་གྱི་ཡར་རྒྱས་ཧ་ཅང་ཚད་མཐོ་པོར་བསླེབས་ཡོད། འོན་ཀྱང་ད་ལྟ་ང་ཚོ་འདིར་སྐད་ཆ་ཤོད་བཞིན་པའི་སྐབས་འདིར་ས་གནས་གཞན་དུ་གྲི་དང་མཚོན་སོགས་ཐོགས་ནས་མི་གསོད་ཁྲག་སྦྱོར་གྱི་བྱ་བ་རྩོམ་བཞིན་ཡོད། ཁག་གཅིག་ཆོས་ཀྱི་མིང་འཁྱེར་ནས་གསོད་རེས་བྱེད་ཀྱི་ཡོད། དེ་ནི་བློ་ངོར་ཤོང་དཀའ་བ་ཞིག་རེད།
ངོས་ཀྱིས་ཨ་རིའི་ནང་གྲོང་ཁྱེར་འགའ་ཤས་མིང་ལ་བྱམས་བརྩེ་དང་སྙིང་རྗེའི་གྲོང་། ཞེས་མིང་བཏགས་ནས་ལས་འགུལ་དེ་འདྲ་སྤེལ་བཞིན་འདུག རྒྱ་གར་བ་ཚོས་ཀྱང་མིག་དཔེ་ལྟ་དགོས་པ་འདུག དེ་སྔ་ངོས་ཀྱིས་ཚོང་པ་ཟེར་དུས་རང་ཉིད་ཀྱི་དོན་དུ་གཞན་བཀོལ་དཔྱོད་བྱས་ནས་ཁེ་སང་རྐྱང་རྐྱང་དོན་དུ་གཉེར་མཁན་ཞིག་ཡིན་པ་བསམ་བློ་འཁོར་བཞིན་འདུག འོན་ཀྱང་ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བྱམས་པ་དང་བརྩེ་བ་སོགས་ངེས་པར་དུ་དགོས། དངུལ་རྐྱང་པས་བདེ་སྐྱིད་སྐྲུན་མི་ཐུབ། དབུལ་ཕྱུག་སུ་འདྲ་ཞིག་ཡིན་རུང་གྲོད་ཁོག་གི་ཚད་གཞི་གཅིག་པ་ཡིན་པ་མ་ཟད། ལག་མཛུབ་ཡང་བཅུ་ལས་མེད། དེར་བརྟེན་དབུལ་ཕྱུག་དབར་གྱི་ཁྱད་པར་ཧ་ཅང་ཡོད་པ་དེ་དག་ཉུང་དུ་གཏོང་དགོས། ང་ཚོས་ཉམས་ཐག་དབུལ་ཕོངས་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་དཀའ་ངལ་ལས་སྐྱོབ་ཐབས་བྱེད་དགོས། རྒྱ་གར་ནང་དེང་སྐབས་གྲོང་གསེབ་ནས་གྲོང་ཁྱེར་ཁག་ནང་གནས་སྤོ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དེ་ནི་གཙོ་བོ་གྲོང་གསེབ་ཁག་གི་ནང་ཡར་རྒྱས་འགྲོ་མ་ཐུབ་པར་བརྟེན་བྱུང་བ་ཞིག་ཕལ་ཆེར་རེད། དེར་བརྟེན་གྲོང་གསེབ་ཁག་ཏུ་ཡར་རྒྱས་ངེས་པར་དུ་གཏོང་དགོས། འབྱོར་ལྡན་ཚོས་གནང་ཐུབ་པ་ནི་ཤེས་ཡོན་གྱི་མཐུན་རྐྱེན་སྦྱར་རྒྱུ་དེ་རེད། སྐྱོ་བོ་ཚོས་སྙིང་སྟོབས་མ་ཞུམ་པར་འབད་བརྩོན་ཧུར་ཐག་བྱེད་དགོས། དེ་མིན་སེམས་ནང་མི་བཟོད་པ་སྐྱེ་ནས་སེམས་ངལ་གྱིས་ཁེངས་ནས་བསྡད་ན་ཕན་རྒྱུ་གང་ཡང་མེད། ང་ཚོས་འགྲོ་བ་མི་རིགས་ཡོངས་རྫོགས་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་འཛམ་གླིང་བདེ་ཞིང་སྐྱིད་པ་ཞིག་སྐྲུན་ཐུབ་རྒྱུ་མ་ཟད། འབད་བརྩོན་བྱས་པ་ཡིན་ན། དབུལ་ཕྱུག་བར་ཁྱད་ཇེ་ཉུང་དུ་བཏང་ཐུབ་པ་དང་། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཐུབ་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་ཡོད། འོན་ཀྱང་ངོས་ཀྱི་མི་རབས་འདིའི་རིང་ཧ་ལམ་ཁག་པོ་རེད།
བཟང་ཕྱོགས་ཀྱི་འགྱུར་བ་དེ་གཞི་རིམ་ནས་འགོ་འཛུགས་ཏེ་རིམ་བཞིན་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་དགོས། དེ་མིན་འགྱུར་བ་དེ་གཞི་རིམ་ནས་མིན་པར་སྒང་ནས་མར་གཞུང་དང་སྒྲིག་འདུགས་སོགས་ཀྱིས་བཙན་འགལ་བྱས་ཚེ་ཕུགས་འཕེར་ཞིག་མི་ཡོང། སེམས་ནང་རེ་བ་ཞིག་མེད་ན། མི་ཚེ་ཆུད་གཟོན་དུ་འགྲོ་ཉན་ཡོད། དཀོན་མཆོག་ལ་སྨོན་ལམ་བརྒྱབ་ནས་ང་ཚོའི་དཀའ་ངལ་སེལ་ཐབས་མེད། གང་ཡིན་བརྗོད་ན་དཀོན་མཆོག་གིས་དཀའ་ངལ་དེ་དག་བཟོས་མེད། དཀའ་ངལ་དེ་དག་ང་ཚོས་བཟོས་སྟབས་སེལ་ཐབས་ཡང་ང་ཚོས་བྱེད་དགོས། ཞེས་བཀའ་སློབ་སྩལ། ཐེངས་འདིའི་བགྲོ་གླེང་ལྷན་ཚོགས་སྐབས་ཨོ་ཌི་ཤ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེ་པན་ཌ་Jay Panda མཆོག་སོགས་མི་སྣ་གྲགས་ཅན་ཙམ་མ་ཟད། རྫ་མཁན་དང་ཚེམ་བཟོ་བ། དེ་བཞིན་ཕྱི་འབྲེལ་སྲིད་བྱུས་ལམ་སྟོན་པ་སོགས་ལས་རིགས་འདྲ་མིན་ནས་རྒྱ་གར་བ་དང་ཕྱི་རྒྱལ། དེ་བཞིན་རང་རིགས་སོགས་ལྷན་འཛོམས་བྱུང་འདུག སང་ཉིན་བགྲོ་གླེང་མཇུག་སྡོམ་ཡིན་འདུག།།