༢༠༡༠ ཟླ་ ༥ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྔ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་ས་བཞུགས་སྒར་དུ་༸ཞབས་སོར་འཁོད་དེ་ལོ་ ༥༠ འཁོར་བའི་རྗེས་དྲན་དང་ཧི་མ་ཅལ་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་བའི་ཉིན་གཉིས་པར་རྡ་ས་ཁུལ་གྱི་རྒྱ་གར་ཡུལ་མི་རྒན་རབས་རྣམས་ལ་གུས་བཀུར་ཆེ་བསྟོད་ཞུས་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་། རྡ་སའི་ས་གནས་རྒྱ་གར་ཡུལ་མི་རྒན་རབས་ཁག་གཅིག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན། སློབ་ཕྲུག་དང་སེར་སྐྱ་མི་མང་། ཕྱི་ནང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བ་ཚང་འཛོམས་ཐོག་བོད་གཞུང་ཟློས་གར་གྱིས་རོལ་དབྱངས་དང་བཅས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་སྦྲགས་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་ངར་ལྕགས་ (Steel) བློན་ཆེན་སྐུ་ཞབས་བིར་བྷདྲ་རིང་སིང་མཆོག་དང་།རྒྱ་གར་གྲོས་ཚོགས་འཐུས་མི་ཅྡེ་རེ་ཤི་ཀུ་མ་རི་ལགས་དང་། མངའ་སྡེའི་བློན་ཆེན་ཟུར་པ་ཇི་ཨེས་བ་ལི་བཅས་བཞུགས་གྲལ་དུ་འཁོད་མཚམས་རྣམ་གྲྭའི་གསུང་ཞབས་རྣམས་ཀྱིས་ཤིས་བརྗོད་གསུང་རྗེས་བོད་གཞུང་ཟློས་གར་ཚོགས་པས། ཧི་མ་ཅལ་ཐུགས་རྗེ་ཆེ། ཞེས་པའི་གླུ་དབྱངས་གཟིགས་འབུལ་ཞུས། དེ་ནས་དཔལ་ལྡན་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་རིན་པོ་ཆེ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་འགྲོ་བ་དང་། དེ་རིང་འདིར་མཛད་སྒོར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་གྱི་སྡེ་དང། རྒྱ་གར་དབུས་གཞུང་གི་ངར་ལྕགས་བློན་ཆེན་བིར་བྷདྲ་རིང་སིང་མཆོག་དང་། ཁོང་དང་ལྷན་དུ་ཕེབས་པའི་དབུས་དང་ཧི་མ་ཅལ་གྱི་བློན་ཆེན་ཟུར་པ་མཆོག གཞན་ཡང་ས་གནས་ཀྱི་འགོ་ཁྲིད་རྣམ་པ། བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ས་གནས་རྒྱ་གར་གྱི་ཡུལ་མི་བགྲེས་སོང་རྣམ་པ། སློབ་གཉེར་བ་རྣམ་པ། གཞན་ཡང་སྐུ་མགྲོན་ཡོངས་རྫོགས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལར་༸ཞབས་སོར་འཁོད་དེ་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་གྱི་དུས་སྟོན་ཉིན་གཉིས་རིང་གོ་སྒྲིག་ཞུས་པ་ལྟར་དེ་རིང་དམིགས་བསལ་རྡ་ས་ཁུལ་གྱི་ཡུལ་མི་བགྲེས་སོང་རྣམ་པ་དང་། གསར་འགོད་རྣམ་པ་བཅས་ལ་གུས་བརྩི་མཚོན་པའི་ཆེ་བསྟོད་ཞུ་བའི་མཛད་རིམ་ཞིག་བང་རིམ་བསྒྲིགས་ཡོད།སྤྱིར་བཏང་ཧི་མ་ཅལ་ནང་གི་བཙན་བྱོལ་བོད་མིའི་གནས་ཚུལ་དེ་དག་ཁ་སང་ངས་ཞུས་ཡོད། དེ་རིང་འདིར་ཕེབས་པ་མང་ཆེ་བ་ཁ་སང་ཡོད་པས་བསྐྱར་ལྡབ་ཞུ་གི་མིན། རྡ་རམ་ས་ལ་བཞུགས་སྒར་གྱི་གནས་བབ་འདི་ཕྱོགས་མང་པོ་ཞིག་ནས་ཕུན་སུམ་ཚོགས་པ་དང་། ལྷག་པར་དུ་འདས་པའི་ལོ་ལྔ་བཅུའི་རིང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཕྱོགས་ཀུན་ཏུ་རྒྱས་པ། དེ་དག་ཡོངས་རྫོགས་ལ་བལྟས་ན། ང་ཚོས་ངེས་པར་དུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དང་ཞུ་འོས་པའི་གནས་སྟངས་ཞིག་རེད། དེའི་ཆེད་བཙན་བྱོལ་བོད་མི་དང་སྤྱིར་བོད་མི་ཡོངས་རྫོགས་ནས་བཀའ་དྲིན་རྗེས་དྲན་དང་ཧི་མ་ཅལ་མང་ཚོགས་ལ་ང་རང་ཚོས་གུས་བརྩིའི་བསམ་ཚུལ་མཚོན་པའི་ཆེ་བསྟོད་ཞུ་རྒྱུ་དེ་འདྲ་ཡིན། དེའི་ཐོག་ཚང་མ་མཉམ་འཛོམས་གནང་བར་ཧ་ཅང་དགའ་པོ་བྱུང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་བ་དང་། དེ་རྗེས་རྒྱ་གར་ཡུལ་མི་རྒན་རབས་གསུམ་ལ་ཆེ་བསྟོད་གུས་བཀུར་གྱི་ཁོང་རྣམ་པའི་ལོ་རྒྱུས་སྒྲོགས་སྦྱང་དང་ཕྱག་རྟགས་བཅས་གནང་རྗེས་རྒན་རབས་གསུམ་གྱིས་རིམ་པས་གསུང་བཤད་ཀྱང་གནང་རྗེས་༸གོང་ས་མཆོག་གིས་རྒྱ་གར་དབུས་གཞུང་ངར་ལྕགས་བློན་ཆེན་མཆོག་དང་། རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་དང་། མངའ་སྡེའི་བློན་ཆེན་བཅས་ཁག་སོ་སོར་སྟོན་པ་ཐུབ་པའི་དབང་པོའི་ཞལ་ཐང་རེ་ལེགས་གསོལ་ཕྱག་རྟགས་སྩལ་གྲུབ་བསྟུན། རྡ་རམ་ས་ལའི་གསར་འགོད་པའི་འཐུས་ཚོགས་རྣམས་ལ་ཐུགས་རྗེ་ལེགས་གསོལ་སྩལ་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་དབུས་གཞུང་བློན་ཆེན་མཆོག་གིས་གསུང་བཤད་གནང་བ་དང་། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད། དེ་ནས་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་བ་བཅས།།