༢༠༡༠ ཟླ་ ༤ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་བཙན་བྱོལ་བོད་གཞུང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་ཨར་ཨེསེ་ཨེསེ་ (RSS) ཚོགས་པའི་དབུ་ཁྲིད་ཟུར་པ་སྐུ་ཞབས་ཀེ་ཨེསེ་སུ་ལྷཱར་ཤན་ (K.S. Sudharshan) ལགས་དང་ཨར་ཨེསེ་ཨེསེ་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ཨིན་ཌེ་རེ་ཤི་ལགས་རྣམ་གཉིས་ཀྱིས་༸གོང་ས་མཆོག་གི་བཞེངས་ཕྱོགས་དང་། བོད་མི་མང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཆེད་མངགས་མགྲོན་འབོད་ཀྱིས་ཆེ་མཐོང་གཟབ་རྒྱས་ཞུས་ཡོད། ཕྱི་ཚེས་ ༡༥ ཉིན་ཀར་ཎ་ཊ་ཀ་མངའ་སྡེའི་སྨན་སློབ་བློན་ཆེན་མཆོག་གིས་མངའ་སྡེའི་བློན་ཆེན་དང་མངའ་སྡེའི་ཚབ་ཞུས་ནས་མཛད་སྒོར་ལྷན་ཞུགས་གནང་ཡོད། དེ་ཡང་ས་གནས་བོད་མི་སྟོང་ཕྲག་བརྒལ་བ་དང་དེ་བཞིན་རྒྱ་གར་གྱི་ཡུལ་མི་མི་ཉུང་བ་ཞིག་འདུ་འཛོམས་བྱུང་བའི་མཛད་སྒོའི་ཐོག་མར་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་གྲུབ་མཚམས་སྐུ་ཞབས་ཀེ་ཨེསེ་སུ་དྷར་ཤན་ལགས་དང་སྐུ་ཞབས་ཨིན་ཌེ་རེ་ཤི་ལགས་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་དྲན་རྟེན་ཕྱག་རྟགས་ཤིག་ཀྱང་ཕུལ་ཡོད། དེ་རྗེས་སྐུ་ཞབས་ཀེ་ཨེསེ་སུ་དྷར་ཤན་ལགས་དང་དེ་བཞིན་སྐུ་མགྲོན་གཞན་རྣམས་ཀྱིས་གསུང་བཤད་གནང་། སྐུ་མགྲོན་ཚོས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྲོལ་རྒྱུན་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་འགོ་འཛུགས་གནང་བར་བསྔགས་བརྗོད་ཆེན་པོ་ཞུས་ཡོད།
མཛད་སྒོ་དེར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་། སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་བཅས་ཀྱང་མཉམ་ཞུགས་གནང་ཡོད། སྐུ་མགྲོན་རྣམ་པའི་གསུང་བཤད་གྲུབ་མཚམས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སེ་ར་བྱེས་སྨད་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་དང་། ལུགས་བསམ་དང་བདེ་སྐྱིད་སླར་གསོའི་གཞིས་ཆགས་ཁག་གི་འབྲེལ་ཡོད་མི་སྣ་ཁག་གིས་མཛད་སྒོ་དེ་བཞིན་ལམ་ལྷོང་ལྡན་པ་ཡོང་རྒྱུའི་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་རྗེས་མཛད་སྒོ་ལེགས་པར་མཇུག་སྒྲིལ་ཡོད།