༢༠༡༥ ཟླ་ ༡༠ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༠ ཉིན་རྒྱ་གར་མ་ཧཱ་རཱཤྚ་མངའ་སྡེའི་གྲོང་ཁྱེར་ནཱག་པུར་གྱི་ས་ཁོངས་གྲོང་སྡེ་སམ་ཏཱ་ན་གར་ Samtanagar དང་ཝར་དཱའི་ Wardha ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ National Campaign for Free Tibet Supports ཞེས་པ་དང་འཕགས་བོད་འབྲེལ་མཐུད་ལས་ཁང་གཉིས་ཟུང་འབྲེལ་ཐོག་ནང་པ་སངས་རྒྱས་པ་ཞིག་གིས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་ལ་ལྟ་ཚུལ། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་འདུག
བགྲོ་གླེང་སྐབས་རྒྱ་གར་གཞུང་གི་རྩ་ཁྲིམས་གཏན་འབེབས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བཱི་ཨར་ཨམ་བྷི་ཊི་ཀར་ Dr Ambedkar མཆོག་གི་དགོངས་བཞེད་དང་། དེས་རྒྱ་གར་གྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་ཐོག་ཤུགས་རྐྱེན་ཇི་བྱུང་སོགས་ཀྱི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་ཆེད་ལས་པའི་དགེ་རྒན་ཆེན་མོ་བན་དེ་རཱཇ་རཏྣ་ Bante Rajratan ལགས་དང་།ཨནནྡཱ་རཱོ་གེཀ་ཝ་ཌི་ Shri Anand Rao Gaekwad ལགས་རྣམ་གཉིས། དེ་བཞིན་སུ་རེན་དར་ཀུ་མཱར་ Shri Surender Kumar ལགས། སྐུ་ཞབས་ཝི་ཇེ་བཱ་ཨོ་གཱ་ལབ་ Vijay Bau Aglave ལགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་འཇིགས་མེད་ཚུལ་ཁྲིམས་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག
ཐོག་མར་ཚོགས་གཙོ་མཆོག་གིས་བཱི་ཨར་ཨམ་བྷི་ཊི་ཀར་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྲོལ་རྒྱུན་དང་ཆོས་ལུགས་ཀྱི་རིན་ཐང་སྲུང་སྐྱོབ་དང་ཉར་ཚགས་བྱེད་ཚུལ་གལ་གནད་ཇི་ཙམ་ཡིན་པའི་གནད་དོན་ཐོག་སྐུ་ཞབས་བཱི་ཨར་ཨམ་བྷི་ཊི་ཀར་མཆོག་སྐུ་སྒེར་གྱིས་ཐུགས་ཁུར་ཇི་ལྟར་གནང་མིན་སྐོར་སོགས་དང་འབྲེལ་ནས་གསུང་བཤད་གནང་ཡོད།
དེ་རྗེས་སུ་རེན་དར་ཀུ་མཱར་ལགས་ཀྱིས་འཚེ་མེད་ཞི་བའི་ལྟ་གྲུབ་དེ་ཉིད་གལ་འགངས་ཆེ་བ་ཞིག་ཡིན་པར་ངོས་འཛིན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ངང་རྒྱ་ནག་གི་བཙན་འཛུལ་དང་གདུག་རྩུབ་ལ་ཞི་རྒོལ་བྱེད་བཞིན་ཡོད་སྐོར་གསུངས་པ་དང་། དེ་རྗེས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་གལ་འགངས་ཆེན་པོ་ཡིན་སྐོར་དང་། འབྱུང་འགྱུར་རྒྱ་ནག་དང་འཐབ་རྩོད་བྱེད་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
སྤྱིར་རྒྱ་གར་མ་ཧཱ་རཱཤྚ་གྲོང་ཁྱེར་ནཱག་པུར་ནི་དེ་སྔོན་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་རྩ་ཁྲིམས་གཏན་འབེབས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷིམ་རའོ་ཨེམ་བྷེ་དེ་ཀར་མཆོག་གིས་མང་ཚོགས་ཀྱི་བསམ་བློར་འགྱུར་བ་ཤུགས་ཆེ་བཏང་བའི་རྗེས་སུ་ས་གནས་ཡུལ་མི་ཧ་ཅང་ཕོན་ཆེ་ཞིག་ནང་པར་འགྱུར་ཐུབ་པ་བྱུང་འདུག
ཁོང་ཚོས་འཐབ་རྩོད་བརྒྱུད་རྒྱ་གར་གི་ནང་པའི་སྤྱི་ཚོགས་ཁྲོད་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནས་ཐུབ་པ་བྱུང་ཡོད། ཕྱོགས་མཚུངས་སྐུ་ཞབས་གྷེཀ་ཝཊ་ Shri Gaekward ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་དེར་རྒྱབ་སྐྱོར་ཡོད་ཅེས་དང་། རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་སན་དཱེ་ཤེ་མེ་ཤརམ་ Shri Sandesh Meshram ལགས་ཀྱིས་རྒྱ་གར་ནང་བདེ་འཇགས་དགོས་ན། བོད་ཀྱི་གནད་དོན་ཞི་བའི་ལམ་ནས་གསལ་དགོས། ཞེས་གསུང་བཤད་གནང་ཡོད་འདུག དེ་རྗེས་འདི་ལོ་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་པའི་བརྙན་པར་བསྟན་པ་དང་། དེ་བཞིན་བོད་དོན་དང་འབྲེལ་བའི་དེབ་དང་པར་རིགས་ཁག་འགྲེམས་སྤེལ་གནང་འདུག །