ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ དང་ཕྱི་ཚེས་ ༢༢ བཅས་ཉིན་གཉིས་རིང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཐོག རྒྱ་གར་མཐོ་སློབ་འདྲ་མིན་ཁག་ནང་ཉམས་ཞིབ་སློབ་གཉེར་གནང་བཞིན་པའི་བོད་རིགས་གཞོན་སྐྱེས་ལྷན་ཚོགས་ཤིག་གོ་སྒྲིག་གནང་རྒྱུ་ཡིན་འདུག
དེ་ཡང་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་རྒྱུ་ཡིན་པ་མ་ཟད། རྒྱ་གར་གཙུག་ལག་སློབ་གཉེར་ཁང་གཙོ་གྲས་ཁག་གི་ནང་ཉམས་ཞིབ་སློབ་སྦྱོང་གནང་བཞིན་པའི་བོད་རིགས་གཞོན་སྐྱེས་ཚོས། བོད་དང་བོད་མི། རེ་བའི་འཆར་སྣང་དང་དཀའ་ངལ་ལ་གདོང་ལེན་བྱ་རྒྱུའི་ཐབས། Tibet and Tibetans: Prospects and Challenges ཞེས་པའི་བརྗོད་གཞིའི་ཐོག་རང་གིས་ཉམས་ཞིབ་གནང་བའི་སྙན་ཐོ་སྒྲོགས་སྦྱང་གནང་ནས་དེའི་ཐོག་གླེང་སློང་གནང་རྒྱུ་ཡིན་འདུག
ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གིས་ཐེངས་འདིར་ལྷན་ཚོགས་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་གནད་དོན་གང་མགྱོགས་གསལ་དགོས་པའི་ཛ་དྲག་གི་དུས་སྐབས་འདིར་བོད་གཞིས་བྱེས་གཉིས་ནས་མིའི་མཐུན་རྐྱེན་དང་ནུས་ཤུགས་མཉམ་སྤུངས་དགོས་པ་མ་ཟད། ལྷག་པར་བོད་མི་ཤེས་ལྡན་པ་དང་ཉམས་ཞིབ་པ་སོགས་ཀྱིས་བོད་མི་ཚོའི་རེ་བ་དང་དཀའ་ངལ་ངོས་འཛིན་པའི་ཐོག་ནས་རང་དོན་རང་གཅེས་ཀྱི་ལས་འགན་ཕྲག་པར་འཁྱེར་ནས་འཐབ་རྩོད་གནང་དགོས་པར་ཡིད་ཆེས་གནང་བཞིན་འདུག
དེ་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཐེངས་འདིའི་ལྷན་ཚོགས་སྐོར་གསུང་དོན། ལྷན་ཚོགས་འདིས་བོད་རིགས་གཞོན་སྐྱེས་ཉམས་ཞིབ་པ་ཚོས་རང་ཉིད་ཀྱིས་ཉམས་ཞིབ་གནང་བའི་གྲུབ་དོན་ངོ་མ་འདོན་ཐུབ་རྒྱུ་མ་ཟད། ཉམས་ཞིབ་པ་གཞན་ཚོ་དང་འབྲེལ་བ་བྱས་ནས་འབྱུང་འགྱུར་ཕན་ཚུན་འབྲེལ་ལམ་ཉེ་རུ་གཏོང་ཐུབ་རྒྱུའི་ཆེད་ཡིན་འདུག
གཞན་ཡང་ལྷན་ཚོགས་འདིས་བོད་རིགས་གཞོན་སྐྱེས་ཤེས་ལྡན་པ་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཐོག་ཕྱར་གྲུ་མཉམ་འདེགས་ཀྱི་ཞབས་ཞུ་ཐུབ་རྒྱུ་མ་ཟད། བོད་རིགས་གཞོན་སྐྱེས་གཞན་རྣམས་ལའང་རིགས་གཅིག་རྐང་འཛིན་གྱི་ཐོག་ཆེད་ལས་སློབ་སྦྱོང་བྱ་རྒྱུའི་འདུན་པ་དང་སེམས་ཤུགས་སྤེལ་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན། ཞེས་གསུངས། ཕྱོགས་མཚུངས་ལྷན་ཚོགས་སྐབས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་ཚོས་ཀྱང་རྩོམ་ཡིག་སྤེལ་ཏེ་བགྲོ་གླེང་གནང་རྒྱུ་ཡིན་འདུག
ལྷན་ཚོགས་ཀྱི་མཇུག་སྡོམ་མཛད་སྒོར་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་ཉམས་ཞིབ་པ་རྒན་པ་ཌོག་ཊོར་ཚེ་རིང་ཆོས་འཛོམས་ལགས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་འདུག སྤྱིར་ལྷན་ཚོགས་ནང་བགྲོ་གླེང་གནང་རྒྱུའི་ཉམས་ཞིབ་པ་ཚོའི་རྩོམ་ཡིག་དེ་དག། རྒྱ་ནག་ནང་གི་དཀའ་ངལ་དང་། སྤྱི་ཚོགས་དྲ་ལམ་ཐོག་བོད་མིའི་འཐབ་རྩོད་ལས་འགུལ་སྤེལ་སྟངས། བོད་རྒྱའི་ཁོར་ཡུག་གི་གནད་དོན། རྒྱ་མིས་དབང་བསྒྱུར་བྱས་པ་དེ་ཁྲིམས་མཐུན་ཡིན་མིན། བོད་མིའི་འཐབ་རྩོད་ཀྱི་ལས་འགུལ། བོད་མི་ཚོས་བཙན་གནོན་དང་དེང་རབས་སྤྱི་ཚོགས་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་ཐབས་ལམ། རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་དང་འབྲེལ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲིད་བྱུས། དེ་བཞིན་རྒྱ་གར་བ་དང་ཕྱི་རྒྱལ་བ་ཚོས་བོད་ཀྱི་གནད་དོན་ཐོག་ལྟ་ཚུལ་དང་བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཡིན་འདུག་པ་བཅས། །