༢༠༡༥ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༣ ཉིན་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ཞུས་ཏེ། སྤྱི་ནོར་༸གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ ལ་ཕེབས་པར་བཀའ་དྲིན་རྗེས་དྲན་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ཕྱིར་ལམ་སྟོན་གནང་བའི་དགོངས་གཞི་རྒྱ་གར་པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་སྤྱི་དང་། ལྷག་པར་དུ་རྨད་དུ་བྱུང་བའི་བསྟན་བཅོས་གྲགས་ཆེན་མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་ཆེན་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ཀྱི་ཐོག་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་ཚོ་གདན་གྲལ་གཅིག་ཏུ་འཁོད་དེ་ལུང་རིགས་ཀྱི་ལམ་ནས་བཤད་པ་གནང་བར་དྲི་བ་དྲིས་ལན་དང་དགོངས་འཆར་གྱི་ལམ་ནས་བགྲོ་གླེང་གནང་རྒྱུའི་ལམ་སྟོན་མཛད་དགོངས་བཞིན། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་མཁན་ཆེན་དང་། མཁན་པོ། ལྷ་རམས་པ་དང་། སློབ་དཔོན་བཅས་
ལ་གོང་གསལ་བསྟན་བཅོས་གཉིས་ཀྱི་བརྗོད་གཞི་གནད་འགག་ཅན་སྔོན་ཕུལ་ཐོག་རྩོམ་ཤོག་བྲིས་ཏེ། བགྲོ་གླེང་གནང་གི་ཡོད་པ་རེད།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་ཚོགས་ཆུང་གི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་ཕེབས་བསུ་དང་འབྲེལ་མཛད་རིམ་ངོ་སྤྲོད་དང་། སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་དབུ་ཚད་སེང་གེ་མཇིང་བསྣོལ་ཞེས་ཡོངས་སུ་གྲགས་པའི་དོན་གནད་སྐོར་ལ་གསུང་བཤད་ངོ་མཚར་བ་གནང་བ་དང་། སྒོ་མང་མཁན་པོ་དང་། ཤར་རྩེ་མཁན་པོ། བྱང་རྩེ་མཁན་པོ། བློ་གསལ་གླིང་མཁན་པོ་བཅས་ནས་ལས་གཞི་འདི་བཞིན་གལ་གནད་ཆེན་པོ་ཡིན་པ་དང་། ལུང་རིགས་ཀྱི་ལམ་ནས་དགག་བཞག་སྤོང་གསུམ་གྱི་ལམ་ནས་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་དག་ལ་བགྲོ་གླེང་བྱས་ཏེ་ཆོས་བརྒྱུད་ཕན་ཚུན་དམ་ཚིག་རྡོག་རྩ་གཅིག་སྒྲིལ་དང་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ཐུབ་པ་བཟོ་དགོས་རྒྱུ་དེ་དུས་བབ་ཀྱི་དགོས་མཁོ་དང་། རྒྱལ་བསྟན་སྤྱི་དང་བྱེ་བྲག་འཛམ་གླིང་གི་སྤྱི་ནོར། བོད་གངས་ཅན་གྱི་ཁྱད་ནོར་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་སྤྱིའི་རྩ་དོན་ཡིན་སྐོར་དང་།
ད་རེས་གོ་སྒྲིག་ཚོགས་ཆུང་གིས་འབོད་སྐུལ་ཞུས་དོན་བཞིན་ཆོས་བརྒྱུད་བླ་ཆེན་དབུ་ཁྲིད་རྣམ་པས་ཁོངས་སོ་སོ་ནས་མཁས་པ་བསྐོ་གཏོང་གནང་བ་བཀའ་དྲིན་ཆེ་སྐོར་དང་། མ་འོངས་པར་ཡང་འདི་བཞིན་ཚོགས་ཐུབ་ན་དགེ་མཚན་ཆེ་ལུགས་ཀྱི་གསུང་བཤད་གནང་ཡོད་པ་དང་། མཇུག་ཏུ་རྒྱུན་ལས་ཚོགས་གཞོན་བླ་མ་ཆོས་འཕེལ་བཟོད་པ་ལགས་ནས་ཐུགས་རྗེ་ཆེ་ཞུས་ཏེ། མཛད་སྒོ་གྲོལ་ཡོད་པ་དང་། ཉིན་རྒྱབ་ནས་བགྲོ་གླེང་དངོས་གཞི་དབུ་འཛུགས་གནང་ཞིང་། བགྲོ་གླེང་འདིའི་ཐོག་སྔ་འགྱུར་རྙིང་མའི་སློབ་དཔོན་གཅིག་དང་། དཔལ་ལྡན་ས་སྐྱའི་མཁན་ཆེན་གཅིག་དང་། མཁན་པོ་གཉིས། བཀའ་བརྒྱུད་ཀྱི་མཁན་པོ་གསུམ་དང་། གཡུང་དྲུང་བོན་གྱི་དགེ་བཤེས་གསུམ། རི་བོ་དགེ་ལུགས་པའི་གདན་གསུམ་གྲྭ་ཚང་དྲུག་ནས་དགེ་བཤེས་ལྷ་རམས་པ་དྲུག་རེ་དང་། བཀྲ་ཤིས་ལྷུན་པོའི་དཀའ་ཆེན་གཉིས། རྭ་སྟོད་གྲྭ་ཚང་གི་དགེ་བཤེས་གཅིག་བཅས་རིས་མེད་མཁས་པ་༤༦ གིས་རྩོམ་ཤོག་ཐོག་སྐར་མ་༡༥ རེར་གསུང་བཤད་གནང་རྒྱུ་དང་། སྐར་མ་སུམ་ཅུ་རེར་དྲི་བ་དྲིས་ལན་དང་དགོངས་འཆར་གནང་སྟེ་ཚད་ཆེན་དང་རྩ་བ་ཤེས་རབ་ཀྱི་དགོངས་དོན་ལ་རྒྱ་ཆེ་གཏིང་ཟབ་ཀྱི་བགྲོ་གླེང་གནང་དང་གནང་བཞིན་ཡོད་པདང་།
གཞན་ཡང་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ཞུས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཆེད། ཕྱི་ཟླ་༡༡ པའི་ཚེས་༡༥ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་གཙོས་པའི་གདན་ས་ཁག་གི་དགེ་བཤེས་རྣམ་པས་རིམ་ལྔ་གསལ་སྒྲོན་གཞིར་བཟུང་གསང་ཆེན་སྔགས་ཀྱི་རྩོད་པའི་ཆོས་ཐོག་ཚུགས་རྒྱུ་དང་། ཕྱི་ཟླ་༡༡ པའི་ཚེས་༡༨ ཉིན་དཔལ་ལྡན་འབྲས་སྤུངས་སུ་གདན་ས་གསུམ་གྱིས་གཙོས་པའི་དགེ་ལུགས་པའི་དགོན་ཁག་བཅུ་གཅིག་གིས་གཙོས་པའི་གཞུང་ལུགས་རབ་འབྱམས་སྨྲ་བས་ལེགས་བཤད་གསེར་ཕྲེང་དང་། རྩ་ཤེ་ཌིཀ་ཆེན་གཉིས་གཞིར་བཟུང་དབུ་ཕར་གྱི་རྩོད་པའི་ཆོས་ཐོག་ཚུགས་རྒྱུ་ཡིན་པའི་གནས་ཚུལ་སྙིང་བསྡུས་སུ། །