༢༠༡༥ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ལྷག་པ་ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་རྒྱ་གར་བྱང་ཕྱོགས་ཨུ་ཏྟར་ཁཎྜ་མངའ་སྡེའི་ཁོངས་མ་སུ་རིར་རྟེན་གཞི་བྱས་པའི་ཝུཊ་སི་ཊོག་རྒྱལ་སྤྱིའི་སློབ་གྲྭའི་ Woodstock International School འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་ཕྲུག་གྲངས་ ༣༡ དང་དགེ་རྒན་ ༦ ལ་ཐུག་འཕྲད་ཀྱིས་པར་རིགས་ཀྱི་ལམ་ནས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་སྲིད་བྱུས། ལྷན་ཁང་ཁག་གི་བྱེད་སྒོ་རྣམ་གསུམ། དེ་བཞིན་ཕྱི་རྒྱལ་སྐུ་ཚབ་དོན་ཁང་སོགས་ངོ་སྤྲོད་ཟབ་རྒྱས་གནང་བ་མ་ཟད། མཇུག་ཏུ་སློབ་མ་རྣམས་ཀྱིས་དྲི་བར་ལན་འདེབས་ཀྱང་གནང་སོང་།
དེ་རྗེས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ Escape from Tibet ཞེས་པའི་དངོས་འབྱུང་གློག་བརྙན་ཞིག་ཀྱང་བསྟན་ཡོད།
སྤྱིར་སློན་མ་དེ་དག་སློབ་གྲྭ་དེའི་འབྲེལ་མཐུད་པ་ཐུབ་བསྟན་ཆོས་འཕེལ་ལགས་དང་། ལས་བྱེད་ཕུན་ཚོགས་སྒྲོལ་མ་ལགས་རྣམ་གཉིས་ཀྱིས་སྣེ་འཁྲིད་ཐོག་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༡ ནས་ ༡༧ བར་བོད་ཀྱི་རིག་གཞུང་དང་། རྒྱལ་རབས། ཆོས། བོད་ཀྱི་གནས་སྟངས་བཅས་སྐོར་མཁྱེན་རྟོགས་སླད་རྡ་སར་ཕེབས་ཡོད་པ་དང་། ཁོང་ཚོ་ད་རེས་རྡ་སར་ཕེབས་པ་ཐེངས་དང་པོ་ཡིན་འདུག་པ་བཅས།།