༢༠༡༥ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་བོད་ཀྱི་ཌྷགྲེམས་སྟོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་གོ་སྒྲིག་གནང་ཐོག་བཙན་བྱོལ་ནང་མང་གཙོའི་འཕེལ་རིམ་སྐོར་གྱི་པར་རིགས་ཁག་གཅིག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་དབུ་འབྱེད་གནང་སོང་།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་མཆོག་གིས་གཙོས་ཕྱི་འབྲེལ་དྲུང་ཆེེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། འགྲེམས་སྟོན་ཚན་པའི་ལས་བྱེད་དང་། དེ་བཞིན་ཕྱི་ནང་གི་གསར་འགོད་པ་ཁག་གཅིག་བཅས་ཁྱོན་མི་གྲངས་ ༥༠ བརྒལ་བ་འདུ་འཛོམས་གནང་ཡོད།
ཐོག་མར་འགྲེམས་སྟོན་ཚན་པའི་ལས་བྱེད་དྲུང་ལས་བསྟན་འཛིན་ཕན་བདེ་ལགས་ཀྱིས་ཐེངས་འདིའི་མཛད་སྒོའི་སྐོར་ངོ་སྤྲོད་གནང་དོན། སྤྱིར་མང་གཙོ་འཕེལ་རིམ་སྐོར་དེ་སྔོན་ནས་འགྲེམས་སྟོན་བྱ་རྒྱུའི་འཆར་གཞི་ཡོད་ཀྱང་། དུས་ཚོད་དང་ལས་བྲེལ་རྐྱེན་པས་སྐབས་དེར་འགྲེམས་སྟོན་བྱ་རྒྱུ་བྱུང་མེད། ང་ཚོས་མང་གཙོའི་འཕེལ་རིམ་སྐོར་འགྲེམས་སྟོན་བྱ་རྒྱུ་དེ་དབྱེ་བ་གཉིས་སུ་ཕྱེ་ཡོད། ནམ་རྒྱུན་ང་ཚོ་ཕྱོགས་བསྐྱོད་སྐབས་པར་རིགས་དང་ཡི་གེ་བརྒྱུད་ནས་འགྲེམས་སྟོན་བྱེད་བཞིན་ཡོད། དེ་རིང་མཛད་རིམ་ཐོག་འགྲེམས་སྟོན་གནང་བ་འདི་གཏན་འཇགས་མིན་པར་ཟླ་བ་གསུམ་མམ་མཚམས་རེ་ཟླ་བ་གསུམ་རིང་བྱེད་ཀྱི་ཡོད། ང་ཚོས་བརྗེ་བོ་རྒྱག་གིན་བྱས་ཏེ་འགྲེམས་སྟོན་བྱེད་ཀྱི་ཡོད། ཅེས་ངོ་སྤྲོད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འཕྲལ་སེལ་འགྲེམས་སྟོན་དང་འབྲེལ་བའི་ཚིག་ཁ་ཤས་མ་ཞུ་གོང་བོད་ཀྱི་འགྲེམས་སྟོན་ཁང་སྐོར་ཚིག་ཁ་ཤས་ཞུ་འདོད་བྱུང་། རྣམ་པ་ཚོས་མཁྱེན་གསལ་རེད། བོད་ཀྱི་འགྲེམས་སྟོན་ཁང་འདི་ཕྱི་ལོ་ ༡༩༩༨ ལོར་གསར་དུ་བཙུགས་པ་ནས་ད་བར་ལོ་བཅུ་དྲུག་ལྷག་ཙམ་ཕྱིན་ཡོད། རྡ་རམ་ས་ལ་དང་། ལྷག་པར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གཡས་གཡོན་དུ་ཡུལ་སྐོར་སྤྲོ་འཆམ་ཕེབས་མཁན་མང་པོ་ཡོད་སྟབས། བོད་མི་དང་། རྒྱ་གར། ཕྱི་རྒྱལ་མི་རིགས་བཅས་ལ་བོད་དོན་དྲིལ་བསྒྲགས་བྱ་ཡུལ་གྱི་བརྒྱུད་རིམ་གཙོ་བོ་ཞིག་ཆགས་ཡོད། འདས་པའི་ལོ་བཅུ་དྲུག་རིང་འགྲེམས་སྟོན་ཁང་ནས་ཡོས་ཆས་དང་། པར་རིགས་བརྒྱུད་ནས་འགྲེམས་སྟོན་ཞུ་བཞིན་ཡོད། འགྲེམས་སྟོན་ཁང་ཞེས་པ་འདི་གལ་ཆེན་པོར་བརྩིས་དགོས་དོན་གང་རེད་ཟེར་ན། མི་རབས་གཅིག་གིས་གཅིག་ལ་སྤྱིར་བཏང་གི་ཉམས་མྱོང་ཐོག་ནས་དྲན་གསོ་ཁག་རྒྱུན་སྐྱོང་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད།
ང་ཚོའི་འགྲེམས་སྟོན་ཁང་འདི་ནི། གཙོ་བོ་པར་རིགས་དང་། གློག་བརྙན་བརྒྱུད་ནས་བོད་དང་འབྲེལ་བའི་ལོ་རྒྱུས་དང་རིག་གཞུང་། བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་སྐོར་ངོ་སྤྲོད་ཞུ་གི་ཡོད། འདི་གའི་འབྲེལ་ཡོད་རྣམས་ནས་ལོ་ཤས་རིང་འབད་བརྩོན་ཞུས་པ་ཁག་ནི། བོད་ཀྱི་འགྲེམས་སྟོན་ཁང་ནི། བོད་མིའི་སྒྲིག་འཛུགས་ཀྱི་འགྲེམས་སྟོན་ཁང་གཅིག་པུ་དེ་ཆགས་ཡོད་སྟབས། ལོ་གཅིག་གི་ནང་མི་གྲངས་སྟོང་ཕྲག་མང་པོ་བསླེབས་ཀྱི་ཡོད། གཞི་རྒྱ་ཆེན་པོ་མེད་ནའང་འགྲེམས་སྟོན་གནང་བ་དེའི་ནང་དོན་དང་། བརྗོད་གཞི། འགྲེལ་བཤད་སོགས་གང་ཡིན་རུང་གང་ཐུབ་ཅི་ཐུབ་ཀྱིས་གནད་ལ་ཕིགས་པ། སྤུས་དག་པོ། ཁྱད་ལས་པའི་ངོ་བོ་ཡོང་རྒྱུར་འབད་བརྩོན་ཞུས་དང་ཞུ་བཞིན་པ་རེད། རྣམ་པ་ཚོས་གཟིགས་ཡོད་ཤག་རེད། འགྲེམས་སྟོན་ཁང་འདི་བཞིན་སྟེང་འོག་གཉིས་ཡོད་པའི་ནང་ནས་གཤམ་འོག་གི་ནང་འགྲེམས་སྟོན་གཤམས་པ་དེ་ཚོ་གཏན་འཇགས་འགྲེམས་སྟོན་ཆགས་ཡོད།
ཉིས་ཐོག་ནང་གི་འགྲེམས་སྟོན་ཁག་གཅིག་གཏན་འཇགས་ལྟ་བུ་རེད་མ་གཏོགས་ཁག་གཅིག་འཕྲལ་སེལ་འགྲེམས་སྟོན་ཟེར་ནས་ས་ཆ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། དེ་རིང་མང་གཙོའི་འཕེལ་རིམ་འགྲེམས་སྟོན་འདི་བཞིན་འབྲེལ་ཡོད་ལས་བྱེད་ཀྱིས་གསུངས་པ་བཞིན་དེང་སྐབས་འོས་བསྡུ་ཆེན་མོའི་ལས་རིམ་འགྲོ་དང་འགྲོ་བཞིན་པར་བརྟེན་དུས་ལ་འབབ་པའི་ཐོག་ནས་ང་ཚོས་གོ་སྐབས་འདི་བཟུང་ནས་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ་གང་འདྲ་ཞིག་བྱུང་ཡོད་སྐོར་མང་ཚོགས་ལ་ངོ་སྤྲོད་ཞུ་ཆེད་དེ་རིང་དབུ་འབྱེད་མཛད་སྒོ་དེ་ཚོགས་པ་ཞིག་ཆགས་ཡོད། མང་གཙོའི་འཕེལ་རིམ་འདི་ཁག་བཞི་ལ་དབྱེ་ནས་བཤད་པ་ཡིན་ན། རིམ་པ་དང་པོ་སྤྱི་འཐུས་ལྷན་ཚོགས་ཐོག་མར་བཙུགས་པའི་ལོ་སྟེ་ཕྱི་ལོ་ ༡༩༦༠ ལོ་དང་། རིམ་པ་གཉིས་པ་ཕྱི་ལོ་ ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་བྱུང་བ་དང་། ཕྱི་ལོ་ ༢༠༠༡ ལོར་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དང་། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་གི་བདམས་པའི་འགོ་ཁྲིད་ལ་མགོན་པོ་གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་པ་བཅས་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ང་ཚོར་གསོལ་སྩལ་མཛད་པའི་མང་གཙོའི་ལམ་ལུགས་འདི་དུས་ནམ་ཡང་ང་ཚོས་བརྗེད་མི་རུང་། དེ་རིང་འགྲེམས་སྟོན་འདིའི་ནང་ཕྱི་རྒྱལ་བའི་མི་སྣ་ཁག་དང་། དེ་བཞིན་ང་རང་ཚོ་བོད་པ་དང་། ལྷག་པར་བོད་པའི་གཞོན་སྐྱེས་ཚོས་གཟིགས་ཐུབ་རྒྱུ་དེ་གལ་ཆེན་པོ་ཞིག་ལ་བརྩིས་ཀྱི་ཡོད། ང་ཚོ་འགྲེམས་སྟོན་ཁང་འདིའི་འཆར་གཞི་གསར་པ་དང་། གསར་གཏོད་ཀྱི་རྣམ་པ་དེ་གོང་དུ་གསུངས་པ་བཞིན། འགྲེམས་སྟོན་ཁང་འདི་གཅིག་པུ་མིན་པར་ཕྱི་ནས་མི་སྒེར་གྱི་པར་དང་རི་མོ་ཁག་འགྲེམས་སྟོན་བྱེད་ས་ཞིག་ལ་ང་ཚོས་མཐུན་འགྱུར་ཞུ་བཞིན་ཡོད། ཅེས་གསུང་བཤད་གནང་། དེ་ནས་དྲུང་ལས་བསྟན་འཛིན་ཕན་བདེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་། གསོལ་ཇ་ཞལ་ཏོག་འདེགས་འབུལ་གནང་རྗེས་ཐེངས་འདིའི་ལས་རིམ་ལེགས་པར་མཇུག་སྒྲིལ། །