༢༠༡༥ ཟླ་ ༡༠ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༣ ཉིན་ས་ལི་སི་བུ་རི་གཙུག་ལག་སློབ་གཉེར་ཁང་གིས་སྲིད་སྐྱོང་མཆོག་ལ་སྙན་གྲགས་ཆེ་བའི་རྟགས་མ་འབུལ་རྒྱུའི་དུས་ཚེས་དང་བསྟུན། ཕྱི་ཚེས་ ༡༠ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རི་ནིའུ་ཡོཀ་དང་ནིའུ་ཇར་སི་ཁུལ་དུ་གནས་སྡོད་བོད་རིགས་ཁྱིམ་ཚང་ ༣༠༠ ལྷག་ཙམ་གྱི་མི་མང་རྣམས་ལ་གསུང་བཤད་གནང་འདུག།
དེ་ཡང་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་འགྲེལ་བརྗོད་གནང་ཐོག་ལྷན་ཁང་ཁག་གི་ལས་འགན་ཇི་ཡིན་སོགས་ངོ་སྤྲོད་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་བོད་མི་རྣམས་ཀྱི་མངོན་འདོད་བསྒྲུབ་རྒྱུ་དང་། འཚེ་མེད་ཞི་བའི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་དེ་ཡིན། ཞེས་དང་།
དེ་བཞིན་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྐོར་ངོ་སྤྲོད་གནང་དོན། དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་གཉིས་ཕན་གྱི་སྲིད་བྱུས་ཤིག་ཡིན་པ་དང་། བོད་དོན་བདེན་མཐའ་གསལ་སླད་སྲིད་བྱུས་འདི་ང་ཚོས་མུ་མཐུད་རྒྱུན་སྐྱོང་བྱེད་བཞིན་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ཞེ་ན། མཐའ་གཉིས་སྤང་པའི་སྲིད་བྱུས་ཤིག་ཡིན། མཐའ་གཉིས་རྒྱ་ནག་དང་ཁ་བྲལ་ནས་རང་བརྩན་རྩོད་རྒྱུའི་མཐའ་དང་། ད་ལྟའི་རྒྱ་ནག་གི་དྲག་གནོན་གྱི་སྲིད་བྱུས་འོག་སྡོད་རྒྱུའི་མཐའ་དེ་གཉིས་སྤངས་ནས་དབུས་ལ་གནས་པ་དེར་དབུ་མའི་ལམ་ཟེར་ཆོག དབུ་མའི་ལམ་གྱི་ལངས་ཕྱོགས་དེར་རྒྱལ་སྤྱིའི་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་ཡོད། ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཉིས་བཞག་ཐུབ་པ་བྱུང་ཞིང་། གྲོས་ཆོད་དེའི་ནང་རྒྱ་ནག་གཞུང་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་མཐུད་བྱེད་དགོས་སྐོར་འཁོད་ཡོད།
རྒྱ་གར་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་ང་ཚོ་བོད་པ་ཚོར་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད། རྒྱ་གར་ནི་བོད་དོན་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་མཁན་ཞིག་ཆགས་ཡོད། ཉེ་ཆར་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་ཀྱི་གསལ་བསྒྲགས་གནང་བ་དེས་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་རྒྱུན་གནས་ཐུབ་རྒྱུར་ཕན་རླབས་ཧ་ཅང་ཡོང་ངེས་རེད། ཅེས་དང་།
དེ་བཞིན་སྲིད་སྐྱོང་མཆོག་གིས་དོལ་རྒྱལ་རྗེས་འབྲང་པ་ཚོའི་བྱ་སྤྱོད་ལ་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་སྔར་བས་དམ་དུ་གཏོང་དགོས་པའི་སྐོར་གསུང་བཤད་གནང་དོན། ལོ་འགའ་ཤས་ནང་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་ཀྱི་མཚན་སྨད་དང་བསྙོན་འཛུགས་བྱས་ཡོད་པ་མ་ཟད། ཁོ་ཚོས་འགྲེམས་སྟོན་གྱི་རྣམ་པའི་ཐོག་ནས་ངོ་རྒོལ་དང་མཚན་སྨད་བྱས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་གང་དུ་ཆིབས་སྒྱུར་བསྐྱངས་ནའང་ཁོ་པ་ཚོས་མགོན་པོ་གང་ཉིད་མཆོག་གི་༸སྐུ་ལ་གདོ་བའི་ལས་ངན་བརྩམས་པ་སོགས་ཀྱི་ཉེན་ཚབས་ཧ་ཅང་ཆེ་བའི་གནས་སྟངས་ཤིག་ལ་བསླེབས་པའི་སྐབས་འདིར་བོད་རིགས་སྤྱི་བོ་གནམ་བསྟེན་ཡོངས་ཀྱིས་སེམས་འཚབ་བྱ་ཡུལ་ཞིག་ཏུ་གྱུར་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་ཉན་ཁའི་ཆ་ཕྲ་མོ་ཙམ་ཡང་མི་ཡོང་བའི་ཆེད་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་གྱིས་༸སྐུའི་སྲུང་སྐྱོབ་དེ་ལས་འགན་གལ་འགངས་ཆེ་ཤོས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་གསུངས།
དོལ་རྒྱལ་རྗེས་འབྲང་པས་བོད་མི་སྒྲིག་འཛུགས་ཀྱིས་ཁོ་པ་ཚོར་དབྱེ་འབྱེད་གཏོང་བཞིན་འདུག ཟེར་བ་དེ་གཞི་རྩ་མེད་པའི་སྐད་ཆ་ཞིག་ཡིན་སྐོར་སྲིད་སྐྱོང་མཆོག་གིས་གསུང་དོན། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རྣམས་རང་དབང་ཐོག་ནས་བོད་མིའི་སྤྱི་ཚོགས་དང་། དགོན་སྡེ་ཁག་གི་ནང་འཚོ་གནས་བྱེད་ཀྱི་ཡོད་པ་མ་ཟད། ཁོ་པ་ཚོར་སྐྱབས་བཅོལ་ལག་དེབ་ཐོག་བོད་མི་སྐྱབས་བཅོལ་བ་སྤྱི་འདྲ་སྤྱི་མཚུངས་ལྟར་གཞིས་ཆགས་དང་སློབ་གྲྭ། དེ་བཞིན་འཕྲོད་བསྟེན་དང་སློབ་ཡོན། རྒས་ཕོགས་སོགས་ཐོབ་ཐང་ཡོངས་རྫོགས་ཡོད།
བོད་མིའི་སློབ་གྲྭ་ཁག་གི་ནང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་སློབ་ཕྲུག་ཅིག་ཀྱང་སློབ་གྲྭ་ནས་ཕྱིར་འབུད་བཏང་བའི་གནད་དོན་བྱུང་མྱོང་མེད་པ་མ་ཟད། ད་དུང་ཁོ་པ་ཚོ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བསྐྱོད་སྐབས་ལག་དེབ་སེར་པོ་འཁྱེར་ནས་འགྲོ་བཞིན་ཡོད། རྒྱ་གར་གཞུང་གི་ལག་དེབ་སེར་པོ་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་དགག་བྱ་མེད་པའི་ངོས་སྦྱོར་ཡི་གེ་དགོས། བོད་མིའི་སྒྲིག་འཛུགས་ཀྱིས་ཁོ་པ་ཚོར་དགག་བྱ་གང་ཡང་མེད་སྟབས་ལག་དེབ་སེར་པོ་ཐོབ་ཐུབ་པ་བྱུང་ཡོད། དེར་བརྟེན་ཁོ་པ་ཚོར་ཆོས་དད་དང་ཕྱི་ནང་འགྲུལ་བཞུད་སོགས་གང་ལའང་བོད་མིའི་སྒྲིག་འཛུགས་ཀྱིས་དམ་བསྒྲགས་བཀག་སྡོམ་སོགས་གང་ཡང་བྱས་མེད། ད་དུང་ཡང་ཁོ་པ་ཚོར་ཆོས་དད་རང་དབང་མེད་ལུགས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་འགྲུལ་བསྐྱོད་ཆོག་གི་མེད་ལུགས་སོགས་ཤོད་བཞིན་པ་ནི་རྫུན་གཏམ་འབའ་ཞིག་ལས་མ་འདས། ཞེས་གསུངས་བཤད་གནང་ཡོད།
ཕྱི་ཚེས་ ༩ ཉིན་ནིའུ་ཡོཀ་དང་ནིའུ་ཇར་སི་བོད་རིགས་ཚོགས་པས་སྲིད་སྐྱོང་མཆོག་ལ་གསོལ་སྟོན་ཞིག་གོ་སྒྲིག་གནང་འདུག གསོལ་སྟོན་སྐབས་བོད་རིགས་ཚོགས་པའི་སྤྱི་ཁང་ཉམས་གསོའི་ཆེད་ཞལ་འདེབས་ཕྲན་བུ་བསྡུ་རུབ་གནང་ཐུབ་ཡོད། ཕྱི་ཚེས་ ༡༡ ཉིན་སྲིད་སྐྱོང་མཆོག་ཨ་རིའི་ཡུ་ཊ་ Utah མངའ་སྡེའི་རྒྱལ་ས་སལ་ལེཀ་སི་ཊིར་ Salt Lake City ཕེབས་ནས་ཁུལ་དེའི་བོད་རིགས་ཚོགས་ཁང་གསར་རྒྱག་ཟིན་པ་དེ་དབུ་འབྱེད་གནང་ཡོད་པ་བཅས། །