༢༠༡༥ ཟླ་ ༡༠ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་པྲི་ཏོ་རི་ཡ་ Pretoria ནང་རྟེན་གཞི་བྱས་པའི་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་གི་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ཀྱིས་གྲོང་ཁྱེར་ཇོ་ཧ་ན་སི་བྷཀ་ Johannesburg ཁུལ་གྱི་ཤེས་ཡོན་བསྟི་གནས་ཁག་གསུམ་ནང་གཟིགས་སྐོར་དང་སྦྲགས། བོད་ཀྱི་གནད་དོན་སྐོར་གོ་རྟོགས་སྤེལ་སླད་ཁུལ་དེའི་གཞོན་སྐྱེས་སློབ་ཕྲུག་རྣམས་ལ་བགྲོ་གླེང་གྱི་ལམ་ནས་བོད་ཀྱི་གནད་དོན་སྐོར་ངོ་སྤྲོད་གནང་འདུག
དེ་ཡང་ཇོ་ཧ་ན་སི་བྷཀ་ཁུལ་གྱི་ Wits University གཙུག་ལག་སློབ་གཉེར་ཁང་གི་ཕྱི་འབྲེལ་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་གྷར་ཐཱ་ཤེལ་ཌོན་ Prof. Garth Sheldon ལགས་ཀྱིས་མགྲོན་འབོད་གནང་བ་བཞིན་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་དང་། དེ་གའི་ལས་བྱེད་བསྟན་འཛིན་ཀུན་བཟང་ལགས་རྣམ་གཉིས་ཆེད་ཕེབས་གནང་ཡོད། སྐབས་དེར་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ཀྱིས་སློབ་གཉེར་ཁང་དེའི་ནང་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་པའི་སློབ་ཕྲུག་དང་། སྡེ་ཚན་དེའི་ལས་བྱེད་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་རླབས་ཆེན་གྱི་མཛད་འཁུར་གསུམ་སོགས་ངོ་སྤྲོད་གནང་འདུག
དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཀལ་སི་ཝི་སལ་ klasie wessels ལགས་ཀྱིས་སྣེ་ཁྲིད་ཐོག་ཨི་ཌེན་ཝ་ལི་གཞི་རིམ་གོང་མའི་ Edenvale High School སློབ་གྲྭ་དང་། ཀིང་ཌེ་ཊི་ཝིཊ་གཞི་རིམ་གོང་མའི་སློབ་གྲྭ་ King David High School བཅས་ལ་གཟིགས་སྐོར་ཡང་གནང་ཡོད་འདུག
སྤྱིར་སྐུ་ཞབས་ཀལ་སི་ཝི་སལ་ལགས་ནི་ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་ལོ་ལྟར་ལྷོ་ཨ་ཕི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་ཁང་དང་ཟུང་འབྲེལ་གྱིས་ལྷོ་ཨ་ཕི་རི་ཀའི་སློབ་གྲྭ་ཁག་ནས་སློབ་ཕྲུག་ཁག་གཅིག་རྡ་སར་སྐོར་བསྐྱོད་དུ་འཁྲིད་དེ་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་མིའི་གནས་སྟངས་རྟོགས་ཞིིབ་གནང་དང་གནང་མུས་ཡིན་འདུག
དེ་བཞིན་ཐེངས་འདིར་བོད་ཀྱི་སྐུ་ཚབ་དོན་ཁང་གིས་དབུ་མའི་ལམ་དང་བོད་དོན་སྐོར་གྱི་དེབ་ཆུང་ཁག་སློབ་གཉེར་ཁང་དེ་དག་གི་སློབ་ཕྲུག་དང་ལས་བྱེད་རྣམས་ལ་བགོ་འགྲེམས་གནང་ཡོད།
ཕྱི་ཟླ་ ༡༠ ཚེས་ ༧ ཉིན་པ་ཝར་ཨེབ་ཨེམ་རླུང་འཕྲིན་ལས་ཁང་ Power FM radio station གིས་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བློས་ཐུབ་གྲོགས་པོ་ལྷོ་ཨ་ཕི་རི་ཁའི་ཡི་ཤུའི་ཆོས་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་མཆོག་གི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན། ཆོས་དཔོན་མཆོག་གི་འཁྲུངས་སྐར་གྱི་གནས་སྟངས་སྐོར་བཀའ་འདྲི་གནང་བར་སྐུ་ཚབ་དོན་གཅོད་ལགས་ཀྱིས་ཉེ་སྔོན་ཆོས་དཔོན་མཆོག་སྐུ་གཟུགས་མི་བདེ་བ་བྱུང་སྟེ་སྨན་ཁང་ལ་བསྟེན་གཏུགས་གནང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་དཔོན་མཆོག་ལ་སྙུང་གཞི་དྲག་སྐྱེད་ཡོང་བའི་གསུང་འཕྲིན་སྩལ་བ་དེ་ངོ་སྤྲོད་གནང་ཡོད་འདུག
སྤྱིར་(WITS UNIVERSITY) གཙུག་ལག་སློབ་གཉེར་ཁང་དེར་སློབ་ཕྲུག་སྟོང་ཕྲག་སུམ་ཅུ་ཡོད་པའི་ལྷོ་ཨ་ཕི་རི་ཀའི་ནང་གི་ཤེས་ཡོན་གྱི་བསྟི་གནས་ཆེ་ཤོས་ཤིག་ཡིན་འདུག དེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕི་རི་ཀར་ཆིབས་སྒྱུར་མཐའ་མའི་སྐབས་སློབ་གཉེར་ཁང་དེའི་ཚོགས་ཁང་ནང་༸ཞབས་སོར་འཁོད་དེ་སློབ་ཕྲུག་རྣམས་ལ་མཇལ་ཁ་སྩལ་ཡོད་པ་བཅས། །