༢༠༡༥ ཟླ་ ༡༠ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༠ ཉིན་རྡ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་བཅུ་འཁོར་བའི་དགའ་སྟོན་མཛད་སྒོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུང་འཕྲིན་སྙན་སྒྲོན་ཞུས་པའི་ནང་འཁོད་དོན།
ལྷར་བཅས་སྲིད་ཞིའི་གཙུག་རྒྱན། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོས་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་སྟེ། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་འགན་འཛིན་རྣམ་པ། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་རྣམ་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྦྱི་དང་དགེ་ཆེས་གཙོས་པའི་དགེ་རྒན་ལས་བྱེད་རྣམ་པ། གངས་སྐྱིད་ཕ་མའི་ཚོགས་ཆུང་གི་ཚོགས་མི་དང་ཕ་མ་རྣམ་པ། མཛའ་ཞིང་བརྩེ་བའི་སློབ་ཕྲུག་རྣམ་པ། གཞན་ཡང་སྐུ་མགྲོན་རྣམ་པ་ཡོངས་ལ་གུས་ནས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་ད་རིང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ ༡༠ འཁོར་བའི་དུས་དྲན་ཉིན་མོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེེགས་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་རྗེས་བོད་ཀྱི་རྗེ་འབངས་འབུམ་ལ་ཉེ་བ་བཙན་བྱོལ་དུ་གྱར་དགོས་བྱུང་བའི་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སོར་ཆུད་ཡོང་ཐབས་དང། ཆབས་གཅིག་དེང་རབས་ཀྱི་རིག་གནས་ཁག་ལ་སྦྱང་བརྩོན་བྱས་ཏེ་མ་འོངས་བོད་གསར་པ་འཛུགས་སྐྲུན་ཡོང་ཐབས་ཆེད། འདབ་གཤོག་གཉིས་ལྡན་གྱི་བོད་ཕྲུག་གསོ་སྐྱོང་གནང་རྒྱུའི་དུས་གསུམ་གསལ་གཟིགས་ཀྱི་ཐབས་མཁས་མཛད་བྱུས་བསྐྱངས་པའི་བཀའ་དྲིན་ཉག་ཅིག་ལ་བརྟེན། བཙན་བྱོལ་དུ་བོད་མིའི་ངོ་བོ་སྲུང་སྐྱོབས་དང་རྒྱུན་འཛིན་ཐུབ་པའི་ཐོག་བོད་ཀྱི་བདེན་མཐའ་གསལ་ཕྱིར་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་མཇུག་སྐྱོང་དང་།
གཞན་ཡང་སྤྱི་སྒེར་ལས་དོན་ལ་ཞབས་ཞུ་བསྒྲུབ་ཐུབ་པའི་གཞོན་སྐྱེས་མང་དག་ཅིག་སྐྱེད་བསྲིང་ཡོང་བར་གྲུབ་འབྲས་རླབས་ཆེན་ཐོན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་ཚན་ཆ་ཚང་བོད་སྐད་ཐོག་བསླབ་རྒྱུའི་བཀའ་སློབ་ནན་བསྟུད་ཕེབས་པར་བརྟེན། ཕྱི་ལོ་ ༡༩༨༦ ལོར་དྷ་ས་བོད་ཕྲུག་ཁྱིམ་སྡེས་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་སྦྱོང་གི་བརྒྱུད་ལམ་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་བའི་རླབས་ཆེའི་བྱ་བཞག་བསྒྲུབས་ཐུབ་པ་བྱུང་ཡོད། དེ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བོད་མིའི་འཕྲལ་ཕུགས་ཀྱི་དམིགས་ཡུལ་དང་དགོས་མཁོར་འཚམས་པའི་ཤེས་ཡོན་གྱི་ལམ་སྲོལ་ཚད་ལྡན་ཞིག་བསྐྲུན་རྒྱུ་གལ་ཆེ་བར་བརྟེན། ཕྱི་ལོ་ ༢༠༠༤ ཟླ་ ༩ ནང་བོད་མི་མང་སྤྱི་འཐུས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པར་དཔལ་ལྡན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དབུ་འཁྲིད་པའི་སྐབས་བཅིུས་པའི་བཀའ་ཤག་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འཆར་འབུལ་གྱིས་གྲོས་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༡༠ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གསར་འཛུགས་ཀྱིས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་འགོ་བཙུགས་པ་དང། ཕྱི་ལོ་ ༢༠༠༦ ནས་བཟུང་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག་ཡོངས་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་འགོ་བཙུགས་ཡོད། དེ་བཞིན་ ༢༠༠༨ ལོར་དྷ་ས་བོད་ཁྱིམ་ཁྱབ་ཁོངས་ལ་བྱང་གཞི་རིམ་འོག་མའི་སློབ་གྲྭ་ཁག་དང། ༢༠༡༡ ལོར་མ་སུ་རི་བོད་ཁྱིམ་དང་དྷ་ས་བོད་ཁྱིམ་གྱི་སྔོན་འགྲོའི་སློབ་གྲྭ་ཁག་ལ་ལག་བསྟར་བྱ་འགོ་བཙུགས་ཡོད།
ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ནས་ལོ་བཅུ་འཁོར་བ་དང་བསྟུན། ཤེས་ཡོན་ལྷན་ཚོགས་ཀྱི་གྲོས་ཆོད་རྒྱབ་གཉེར་ལྟར་བཀའ་ཤག་ནས་རྒྱ་བོད་མི་སྣ་ལྔ་ལས་གྲུབ་པའི་ཤེས་ཡོན་མཁས་པའི་ཚོགས་ཆུང་ཆེད་འཛུགས་ཀྱིས་སློབ་ཁག་ལ་ཉམས་ཞིབ་གནང་བ་དང་། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཤེས་ཡོན་ཚོགས་ཆུང་ཆེད་བཙུགས་ཀྱིས་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་ཐོག་ཞིབ་འཇུག་གནང་ཡོད། གོང་གསལ་ཚོགས་ཆུང་གཉིས་ཀའི་སྙན་ཐོའི་ནང་། ཤེས་ཡོན་སྲིད་བྱུས་ལག་བསྟར་ཞུ་ཡུལ་སློབ་མ་ཚོའི་བོད་ཀྱི་སྐད་ཡིག་གཙོ་གྱུར་སྤྱི་ཡོངས་ཤེས་ཚད་གང་ལེགས་ཡོད་པ་མ་ཟད། ལྷག་པར་ཕྱི་ནང་ཀུན་སྤྱོད་སོགས་གང་ཅིར་མིག་དཔེ་འོས་པའི་གྲུབ་འབྲས་ཐོན་པར་ངོས་བཞེས་གནང་ཡོད། དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་བཞིན། སློབ་ཁག་གཞན་ནང་རིམ་པས་ལག་བསྟར་ཞུ་ཐབས་ཞུ་རྒྱུ་ཡིན། ད་ལྟའི་ཆར་དཔེ་སྟོན་སློབ་གྲྭའི་འཛིན་ཁང་དང་སྡོད་ཁང་སོགས་ཕྱིའི་མཐུན་རྐྱེན་ཐད་དཀའ་ངལ་མི་ཉུང་བ་ཞིག་ཡོད་པས་སེལ་ཐབས་ཐད་འབད་བརྩོན་ཞུ་རྒྱུ་ཡིན།
ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་ཤེས་རིག་ལས་ཁུངས་ནས་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་བསླབ་གཞི་རྩ་འཛིན་བཟོ་འགོད་ཀྱིས་སློབ་ཁག་ཡོངས་ལ་འགྲེམས་སྤེལ་ཞུས་ཟིན་པ་དང་། གཞི་རིམ་གོང་མའི་བསླབ་གཞི་རྩ་འཛིན་ཡང་བཟོ་འགོད་ཟིན་ཡོད། དེ་བཞིན་བསླབ་གཞི་རྩ་འཛིན་གྱི་དགོངས་དོན་སློབ་དེབ་བཟོ་སྒྲིག་བྱས་དང་བྱེད་མུས་བཞིན། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་སའི་སློབ་ཁག་ནང་གཞི་རིམ་འོག་མ་རྣམས་ལ་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱེད་བཞིན་པ་དང་། གཞི་རིམ་བར་མར་སྤྱི་ཚོགས་ཚན་རིག་ནས་འགོ་འཛུགས་ཀྱིས་སློབ་ཚན་གཞན་རྣམས་རིམ་བཞིན་བོད་སྐད་བརྒྱུད་ལམ་ཐོག་སློབ་ཁྲིད་བྱ་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད། གཞན་ཡང་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་སྔོན་འགྲོའི་དགེ་རྒན་དང། གཞི་རིམ་འོག་མ་དང་བར་མ། ཆོས་དགེ་དང་ཟློས་དགེ་སོགས་ཀྱི་དགེ་རྒན་འོས་སྦྱོང་ཐེངས་མང་ཕུལ་ཐུབ་པ་བྱུང་ཡོད་ལ། ལྷག་པར་དུ་བྷུན་ཏར་དགེ་འོས་མཐོ་སློབ་ཁང་ཆེད་བཙུགས་ཀྱིས་དགེ་རྒན་གསོ་སྐྱོང་བྱེད་མུས་ཡིན། དེ་བཞིན་སློབ་གྲྭ་ཁག་ནང་རིགས་ལམ་སློབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་མུས་མ་ཟད། འདུ་འཛོམས་ཀྱང་ཐེངས་ཁ་ཤས་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད།
བཀའ་ཤག་སྐབས་བཅུ་བཞི་པས་ཤེས་ཡོན་གྱི་ལས་དོན་གལ་གནད་ཆེ་ཤོས་སུ་འཛིན་པ་དང་སྦྲགས། བཀའ་ཤག་ནས་ཨ་རི་དང་ཁེ་ན་ཊའི་རོགས་དངུལ་ཤུགས་ཆེ་ཐབས་འཚོལ་གནང་བ་བརྒྱུད་ཤེས་རིག་ལས་ཁུངས་ནས་སྤྱི་ཡོངས་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུར་ཞིབ་འཇུག་དང་ཐབས་ཤེས་གང་དགའ་འཚོལ་སྒྲུབ་བྱས་པས། གཅིག་ནས་སྔོན་འགྲོ་དང་གཞི་རིམ་འོག་མར་ཤེས་ཡོན་གྱི་གཞི་རྩ་བརྟན་པོ་ཞིག་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གཉིས་ནས་སློབ་གྲྭ་ཁག་ནང་དགེ་རྒན་གྲངས་ ༡༥༠༠ སྐོར་ཡོད་པར་དེ་དག་གི་ཤེས་ཚད་དང་ཁྱད་ལས་ཡར་རྒྱས་གཏོང་རྒྱུ། གསུམ་ནས་མཐོ་རིམ་གྱི་སློབ་སྦྱོང་ཐོག་ཤུགས་སྣོན་བརྒྱབས་ཏེ་རིགས་གཅིག་རྐང་འཛིན་གྱི་སློབ་མ་གང་མང་སྐྱེད་སྲིང་ཐུབ་ཐབས་བཅས་ཀྱི་ཆེད་གོ་རིམ་དང་ཞིབ་ཚགས་ཀྱི་རང་བཞིན་ལྡན་པའི་ལས་འཆར་སྣ་མང་སྤེལ་བཞིན་ཡོད།
གཞན་ཡང་མཐོ་རིམ་སློབ་ཡོན་འཆར་གཞི་གསར་གཏོད་ཞུས་ཏེ་སློབ་མ་རྣམས་སློབ་གྲྭ་ཐོན་ཙམ་མ་ཡིན་པར་ཨང་རིམ་རྩེ་ཕུད་ནང་ཐོན་ཐབས་ལ་དམིགས་དོན་བཞིན་བར་ལམ་ནས་འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་རྒྱུགས་སྤྲོད་ཆེན་མོའི་ནང་ཚད་མཐོའི་བརྒྱ་ཆ་ལོན་མཁན་སློབ་མ་ཇེ་མང་དུ་ཐོན་བཞིན་ཡོད་པ་དང་། ཆབས་ཅིག་སྙན་གསན་ཞུ་རྒྱུར་ཉེ་ཆར་མ་སུ་རི་གཏན་སློབ་སློབ་ཟུར་འཇིགས་མེད་ཚེ་རིང་ཞུ་བ་ནས་ Hindustan Institute of Technology & Science, Chennai གཙུག་ལག་སློབ་གཉེར་ཁང་དུ་ལོ་རིམ་དང་པོའི་ནང་ཡིག་རྒྱུགས་བརྒྱ་ཆ་ ༩༧་༩ ལོན་འདུག་པས། འདི་གར་ཆེད་འབོད་ཀྱིས་གཟེངས་བསྟོད་དང་སློབ་ཡོན་སྒོར་འབུམ་གཅིག་འབུལ་ལམ་ཞུས་ཡོད། ཁོ་པ་(Rocket Scientist) བྱ་རྒྱུའི་དམིགས་ཡུལ་ཡོད་པ་ཞིག་རེད་འདུག དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་ལྟར་རིགས་གཅིག་རྐང་འཛིན་སློབ་གཉེར་ཐད་དམིགས་བསལ་ཤུགས་སྣོན་ཞུ་མུས་ཡིན་པས། ད་ལྟའི་ཆར་ཤེས་རིག་ལས་ཁུངས་དང་དྷ་ས་བོད་ཁྱིམ་གཉིས་ཀྱི་སློབ་ཡོན་ཁོངས་འབུམ་རམས་པ་སློབ་ཐོན་བྱུང་བ་གྲངས་ ༡༣ དང་སློབ་སྦྱོང་བྱེད་བཞིན་པ་གྲངས་ ༢༢ བཅས་ཡོད་ཞུ་རྒྱུ་དང་། གཞན་ཡང་ཁྱད་ལས་མི་སྣ་གསོ་སྐྱོང་དང་འབྲེལ་བའི་ལས་དོན་ལ་དམིགས་ནས་འདི་ལོ་མཐོ་རིམ་སློབ་ཡོན་གྲངས་ ༦༣༨ ཕུལ་ཐུབ་པ་བྱུང་ཡོད་པ་བཅས་ནི་གཙོ་བོ་༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ནས་སློབ་ཡོན་མ་དངུལ་ཤུགས་ཆེ་གསོལ་བསྩལ་གནང་བ་དང། དེ་བཞིན་ཕྱི་ནང་སྤྱི་སྒེར་རོགས་ཚོགས་ཁག་ནས་སློབ་ཡོན་རོགས་དངུལ་མི་ཉུང་བ་ཞིག་གནང་སོན་ལ་བརྟེན་ནས་བྱུང་བར་ཚང་མར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ། མདོ་དོན་ཤེས་རིག་ལས་ཁུངས་ནས་མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱི་ཤེས་ཡོན་སློབ་གསོའི་ལས་དོན་ཆེད་སྒོ་གང་ས་ནས་ཤུགས་སྣོན་གང་ཐུབ་བརྒྱབས་དང་རྒྱབ་མུས་ཡིན།
ཚང་མས་མཁྱེན་གསལ་ལྟར་ཤེས་ཡོན་ནི་མི་སྒེར་དང། རྒྱལ་ཁབ། སྤྱི་ཚོགས་བཅས་ཡར་རྒྱས་གཏོང་བའི་ལྡེ་མིག་ཡིན་པ་དང། ཤེས་ཡོན་ནི་མི་རིགས་འཚོ་གནས་དང་དར་འཕེལ་གྱི་ཆ་རྐྱེན་དམ་པ་ཡིན་པས། ཕྱི་ནང་ཤེས་ཡོན་དང་ལྡན་པ། མི་རིགས་ཀྱི་ལར་ཞེན་དང་ལྡན་པ། ཡ་རབས་བཟང་སྤྱོད་དང་ལྡན་པ། ལྷག་བསམ་སྙིང་སྟོབས་དང་ལྡན་པ་སྟེ། ལྡན་པ་བཞིའི་ཁྱད་ཆོས་ཚང་ཞིང་། ཕྱི་ཤེས་བྱ་རིག་གནས་ལ་མཁྱེན་པ་རྒྱས་ཤིང། ནང་བཟང་པོའི་ཡན་ཏན་གྱིས་ཕྱུག་པ་ཞིག་བྱུང་ན། ཤེས་ཡོན་གྱི་དགོས་པ་ཚང་ཞིང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་སྒྲུབ་པ་དང། ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་སྒྲུབ་པ། བོད་མིའི་སྒྲིག་འཛུགས་ཀྱི་རེ་བ་སྒྲུབ་པ་བཅས་སྒྲུབ་པ་གསུམ་གྱིས་བརྒྱན་པ་ཡོང་རྒྱུར། རང་རིགས་སློབ་ཕྲུག་ཕ་མ་དང་བཅས་འབྲེལ་ཡོད་ཚང་མས་ཤེས་ཡོན་ཐོག་ཐུགས་འཁུར་ཆེ་བཞེས་ཡོང་བ་གོ་སྐབས་འདི་བརྒྱུད་འབོད་སྐུལ་ཞུ་རྒྱུ་ཡིན། གཞན་ཡང་ “ཕ་མ་ནི་དགེ་རྒན་དང་པོ་དང། ཁྱིམ་ཚང་ནི་སློབ་གྲྭ་དང་པོ་ཡིན།” ཞེས་པའི་གསུང་རྒྱུན་དོན་ལ་གནས་ཏེ། འདི་ག་དཔེ་སྟོན་སློབ་གྲྭའི་ཕ་མའི་ཚོགས་ཆུང་ནས་རྒྱུན་གཏན་སློབ་གྲྭར་ཕྱར་གྲུ་མཉམ་འདེགས་གནང་བར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། ས་གནས་གཞན་གྱི་ཕ་མའི་ཚོགས་ཆུང་ཁག་ནས་ཀྱང་སློབ་གྲྭར་ཕྱར་བ་གྲུ་འདེགས་ཡོང་བའི་རེ་བསྐུལ་ཞུ། མདོར་ན་སློབ་ཕྲུག་དང་། དགེ་རྒན། འཛིན་སྐྱོང་དང་ཕ་མ་བཅས་ཚང་མས་ནུས་པ་མཉམ་འབུངས་གནང་ཚེ་རང་རེའི་སྤྱི་ཚོགས་འདི་བཞིན་ཤེས་ཡོན་ཅན་གྱི་སྤྱི་ཚོགས་ཤིག་ཏུ་བསྒྱུར་ཐུབ་པ་གདོན་མི་ཟ་བ་བཅས།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མགོན་པོ་ཚེ་དཔག་མེད་ཀྱི་ངོ་བོར་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ་པ་དང། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༠ ལ།།