ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༨ ཉིན་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལོ་བཅུའི་དུས་བཀག་བཙོན་དུས་གཙང་རྗེས་རྒྱའི་བཙོན་འོག་ནས་གློད་བཀྲོལ་བྱུང་སྟེ་རང་ཁྱིམ་དུ་འབྱོར་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་དང་། འདི་གར་འབྲེལ་ཡོད་ནས་ཀྱང་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༠༥ ཟླ་ ༣ ཚེས་ ༩ ཉིན་རྒྱ་ནག་གཞུང་གི་ཉེན་རྟོགས་པས་ལྷ་ས་གྲོང་ཁྱེར་ཁུལ་དུ་འཛིན་བཟུང་གིས་ཐོག་མར་སྤྱི་བདེ་ལས་ཁུངས་སུ་བཀག་སྐྱིལ་བྱས་པ་དང་། དེ་ནས་ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག་ལོ་བཅུའི་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༨ ཉིན་དུས་བཀག་བཙོན་འཇུག་གི་ལོ་དུས་གཙང་ནས་རྒྱའི་བཙོན་འོག་ནས་གློད་བཀྲོལ་བཏང་སྟེ་རང་ཁྱིམ་དུ་འབྱོར་ཡོད་འདུག འོན་ཀྱང་སྒྲོལ་མ་སྐྱབས་ལགས་ཀྱི་གཟུགས་གཞི་བདེ་ཐང་ཡིན་མིན་ལ་སོགས་པའི་ཞིབ་ཕྲའི་གནས་ཚུལ་ད་ལྟ་ཤེས་རྟོགས་གང་ཡང་ཐུབ་མེད།
རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ནི། ཕྱི་ལོ་ ༡༩༧༦ ལོར་བོད་མདོ་སྨད་མཚོ་སྔོན་བྱང་ཁུལ་མདོ་ལ་རྫོང་དུ་སྐྱེས་ཞིང་། ཁོང་གི་ཕའི་མིང་ལ་མཁས་བཙུན་དང་། མ་མིང་ལ་སྒྲོལ་མ་བརྗོད་ཀྱི་ཡོད་པ་དང་། ཆུང་དུས་ཨ་རིག་སྡེ་བའི་སློབ་ཆུང་དུ་སློབ་སྦྱོང་གནང་ཞིང་། ཕྱི་ལོ་ ༡༩༩༥ ལོར་རྫོང་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས་དགེ་འོས་སློབ་སྦྱོང་གནང་སྟེ། མཐར་མདོ་ལ་རྫོང་གི་འབྲིང་རིམ་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་པེ་ཅིང་སློབ་གྲྭ་ཆེན་མོ་རུ་ཞིབ་འཇུག་སློབ་མའི་སློབ་སྦྱོང་གནང་གྲུབ་མཚམས་རྒྱ་གར་དུ་ཡོང་སྟེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་དབྱིན་ཡིག་ལ་སྦྱང་བརྩོན་གནང་ཞིང་། ཕྱི་ལོ་ ༢༠༠༤ ཟླ་ ༥ པའི་ནང་ཕྱིར་བོད་དུ་ལོག་རྗེས་ལྷ་སའི་སློབ་གྲྭ་ཞིག་ཏུ་ལོ་རྒྱུས་དགེ་རྒན་གྱི་ཕྱག་ལས་གནང་སྐབས་ཕྱི་ལོ་ ༢༠༠༥ ཟླ་ ༣ ཚེས་ ༩ ཉིན་རྒྱ་ནག་གཞུང་གི་ཉེན་རྟོགས་པས་ལྷ་ས་གྲོང་ཁྱེར་ཁུལ་དུ་འཛིན་བཟུང་གིས་ཐོག་མར་སྤྱི་བདེ་ལས་ཁུངས་སུ་བཀག་སྐྱིལ་བྱས་པ་དང་། དེ་ནས་ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་བཀལ་ཏེ་ལོ་བཅུའི་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད། ཁོང་གིས་བརྩམས་པའི་༼ལྷིང་འཇགས་མེད་པའི་ཧི་མ་ལ་ཡ།༽ ཞེས་པ་དེའི་ནང་དོན་གཙོ་བོ་ནི། མང་གཙོ་དང་རང་སྐྱོང་། བོད་དོན་སྐོར་སོགས་ཡིན་འདུག་པ་བཅས།།