༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༥ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་གོ་སྒྲིག་ཐོག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་མཆོག་དགུང་གྲངས་ཉེར་གཅིག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱི་དབུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམ་པ། ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་། སློབ་ཕྲུག སེར་སྐྱ་མི་མང་བཅས་ཚང་འཛོམས་ཐོག་པཎ་ཆེན་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གི་འགན་འཛིན་བློ་བཟང་རྡོ་རྗེ་ལགས་ཀྱིས་དུས་དྲན་ངོ་སྤྲོད་གནང་རྗེས་རྡ་སྟེང་བོད་ཁྱིམ་སྤྱི་ཁྱབ་རྒན་བདག་བློ་གྲོས་རྒྱལ་མཚན་གྱི་གཙོས་སློབ་ཕྲུག་བརྒྱ་ལྷག་ཙམ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་གྱི་ཉིན་མོ་དེ་བཞིན་རང་ཉིད་ཀྱི་སྐྱེས་སྐར་ཉིན་མོ་དང་དུས་མཚུངས་སྲུང་བརྩི་ཞུ་རྒྱུའི་ཁས་ལེན་ཞུ་མཁན་གཞོན་ནུ་ཚོའི་ཚབ་བྱས་ཏེ་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་རྣམ་གཉིས་ཀྱིས་སློབ་ཕྲུག་རྣམས་ལ་ལེགས་གསོའི་མཇལ་དར་གནང་གྲུབ་བསྟུན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག་ཞོར་འཕྲོས་གསུང་དོན།
དེ་རིང་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་གྱི་གོ་སྐབས་འདི་བརྒྱུད་བཙན་བྱོལ་བོད་གཞུང་ནས་དམིགས་བསལ་གསལ་བསྒྲགས་བྱེད་རྒྱུ་བྱུང་མེད་ཀྱང་། མི་མང་འཛོམས་པའི་ཐོག་བཙན་བྱོལ་གཞུང་གིས་དཔལ་འབྱོར་འདུ་འགོད་བྱེད་རྒྱུ་དེར་རྒྱ་ནག་གཞུང་གི་གཟིགས་ཚུལ་གསལ་པོ་མེད་སྟབས། རྡ་སར་གནས་སྡོད་ཡུལ་ཤུལ་གཞོན་སྐྱེས་ཁག་གཅིག་ནས་ཡུལ་ཤུལ་ས་ཡོམ་གདུང་སེམས་ཚོགས་ཆུང་ཞེས་བཙུགས་ཡོད་པར་བཙན་བྱོལ་བོད་གཞུང་ནས་འོས་ཤིང་འཚམས་པར་མཐོང་སྟེ་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་རྒྱབ་གཉེར་དང་བཅས་སྒྲིག་འཛུགས་ཀྱི་ངོ་བོ་འདི་བརྒྱུད་བཙན་བྱོལ་བོད་མིས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད། དེ་བཞིན་ཉེ་ལམ་རྒྱ་གཞུང་གིས་བོད་ནང་གོད་ཆག་བྱུང་བར་མྱ་ངན་ཞུས་པར་རྗེས་སུ་ཡི་རང་ཞུ་རྒྱུ་དང་། ལྷག་བསམ་རྣམ་དག་ཐོག་ཞུ་གི་ཡོད་ན། ས་གནས་སུ་ཉེན་སྐྱོབ་ཀྱི་དགེ་འདུན་ཕྱིར་ཕུད་དང་ས་ཁུལ་ཆེ་ཁག་ཙམ་མ་གཏོགས་གྲོང་གསེབ་ཁུལ་ལ་རོགས་སྐྱོར་ཡོང་གི་མེད་པ་གསལ་པོ་རེད། དེ་བཞིན་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་ཆེ་མཐོང་ཡོང་ཆེད་སྲིད་འཛིན་དང་སྲིད་བློན་གྱིས་རྣམ་འགྱུར་མང་པོ་ཞིག་བསྟན་ཡོད་ཀྱང་དོན་དངོས་ཐོག་ང་ཚོས་རིམ་པ་བྱས་ཏེ་ལྟ་རྒྱུ་ཞིག་ཡིན། བཙན་བྱོལ་བོད་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་སྒྱུར་བསྐྱང་རྒྱུར་འབད་བརྩོན་ཞུ་མུས་ཡིན། འོན་ཀྱང་ད་ལྟ་ཁ་གསལ་ཆགས་མེད། ཅེས་སོགས་གསུངས་ཡོད། དེ་ནས་ཆོས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ཉེར་གཅིག་ལ་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་འདིའི་ཐོག་ཆེད་ཕེབས་གནང་བའི་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་འདི་གར་ཕེབས་པའི་རྣམ་པ་ཚང་མར་ངས་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན། དེ་རིང་ང་ཚོས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ཉེར་གཅིག་ལ་ཕེབས་པའི་འཁྲུངས་སྐར་གྱི་དུས་ཆེན་གཏོང་གི་ཡོད། འཛམ་གླིང་རྒྱལ་ཁབ་གཞན་ལ་མཚོན་ན། འཁྲུངས་སྐར་ནི་དགའ་སྤྲོའི་ཉིན་མོ་ཞིག་ཡིན། འོན་ཀྱང་ང་ཚོས་འཁྲུངས་སྐར་གྱི་དུས་ཆེན་གཏོང་བཞིན་ཡོད་ཀྱང་། པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟའི་འཆར་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་མེད་ཤེས་ཀྱི་མེད་པ་རེད། དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་སྐུ་ལས་ག་ཚོད་བསྐྱོན་ཡོད་པ་དེ་དག་ང་ཚོས་སེམས་བཅང་བྱེད་དགོས་པ་ཞིག་ཡིན།
གང་ལྟར་ཁོང་གིས་རྒྱ་ཕྱོགས་ནས་སྤྲད་པའི་ཐོབ་གོ་ས་སོགས་ལ་མ་ཞེན་པར་བོད་མི་རིགས་ཀྱི་ཆེད་དུ་རྒྱ་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་སྤྲད་པ་སོགས་ལ་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་ཉེས་མེད་བཙོན་འཇུག་ཐོག་མི་སྤྱོད་ལས་འདས་པའི་འཐབ་འཛིན་ཡང་བཏང་ཡོད། ཕྱོགས་མཚུངས་པཎ་ཆེན་ཞིང་གཤེགས་དམ་པས་བོད་མདོ་དབུས་ཁམས་གསུམ་གྱི་མི་མང་གི་བདེ་སྡུག་ལ་གཟིགས་ཞིབ་གནང་བར་སྐྱོད་སྐབས། ས་གནས་བོད་པ་འགའ་ཞིག་གིས་བོད་སྐད་མ་བརྒྱབ་པར་རྒྱ་སྐད་བརྒྱབ་པར་བརྟེན།
ཁོང་གིས་བོད་པས་བོད་སྐད་མ་བརྒྱབ་ན། བོད་སྐད་སུས་རྒྱག་གི་རེད་དམ་ཞེས་བཀའ་བཀྱོན་ཡང་གནང་ཡོད་པ་མ་ཟད། བོད་པའི་ལས་བྱེད་པ་ཚོར་ཡང་བོད་ཆས་གྱོན་དགོས་པའི་སྐུལ་ལྕག་གནང་ཡོད། ད་ལྟ་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་ནས་ཉུང་མཐར་དེབ་བདུན་ཙམ་ཞིག་བཏོན་ཡོད་པའི་ནང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཆོས་སྲིད་དང་། ཤེས་ཡོན་ཐོག་ལ་ཕྱག་ལས་གང་ཞིག་གནང་བ་ཚང་མ་ཡོད་སྟབས། དེའི་ཐོག་ལ་ཚང་མས་སྔར་ལས་ལྷག་པའི་དོ་སྣང་བྱེད་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་དང་། ཡང་ཁོང་གིས་གསུང་དོན། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ད་ལྟ་ཡང་བཙོན་ཁང་དུ་གནས་ཡོད་སྟབས། ཁོང་བཙོན་ནས་མྱུར་དུ་གློད་བཀྲོལ་ཡོང་བའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་ནས་ཕྱག་ལས་གནང་དང་གནང་མུས་ཡིན། ད་དུང་ཡང་དེ་ལས་ལྷག་པ་གནང་རྒྱུ་ནི་གནད་འགག་ཆེན་པོ་རེད་བསམ་གྱི་ཡོད། མདོར་ན།
རྒྱ་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་དྲུག་ནས་བཙོན་ཁང་དུ་བཅུག་སྟེ་ད་ལྟ་དགུང་གྲངས་ཉེར་གཅིག་ལ་ཕེབས་ཀྱི་ཡོད། ད་ལྟའི་འཆར་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་པ་དེ་ང་ཚོས་ངེས་པར་དུ་ཤེས་དགོས་ཀྱི་འདུག མཐའ་དོན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྐུ་ཚེ་བཞད་པད་བརྟན་ཞིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་ཏུ་དཔུང་འདེགས་ཞུ་ཐུབ་པའི་རེ་བ་ཞུ་བཞིན་ཡོད། སྤྱིར་༸གོང་ས་༸སྐྱབས་མཆོག་ཆེན་པོ་མཆོག་གི་མཛད་འཕྲིན་དང་། ཡང་སྒོས་བོད་རྒྱ་ཆེའི་མི་མང་གི་རྡོག་རྩ་ཆིག་སྒྲིལ། དེ་བཞིན་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་སོགས་ནས་པཎ་ཆེན་རིན་པོ་ཆེ་མཆོག་དང་བོད་མི་རིགས་ཀྱི་བདེ་དོན་ཆེད་ལས་དོན་སྣེ་མང་བསྒྲུབས་དང་སྒྲུབ་བཞིན་པར་བརྟེན། ༸རྒྱལ་བ་པཎ་ཆེན་རྣམ་གཉིས་ཞལ་འཛོམས་པའི་ཉིན་མོ་ཞིག་ཏན་ཏན་འཆར་ངེས་ཡིན་སོགས་ཀྱི་གསུང་བཤད་གནང་།
དེ་ནས་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ཁང་གི་ཚོགས་དྲུང་བློ་བཟང་བཀྲ་ཤིས་ལགས་ཀྱི་ཐུགས་རྗེ་ཆེ་ཞུས། དེ་རྗེས་དབུས་བུད་མེད་ལྷན་ཚོགས་ནས་རི་མོ་བ་རྣམས་ལ་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ཉེར་གཅིག་ལ་སོན་པ་གང་འདྲ་ཞིག་འཆར་གྱི་ཡོད་མེད་རི་མོའི་ལས་འགུལ་ཞིག་ཀྱང་གོ་སྒྲིག་གནང་འདུག དེ་ཉིན་མཛད་སྒོ་དངོས་གཞི་མ་ཚུགས་པའི་སྔོན་རྣམ་རྒྱལ་གྲྭ་ཚང་གི་འདུས་ཚོགས་དབུ་བཞུགས་ཐོག་སེར་སྐྱ་མི་མང་ནས་༸རྒྱལ་བ་ཡབ་སྲས་གཉིས་སྐུ་ཚེ་བརྟན་པ་དང་། ཉེ་ཆར་སྐྱེ་རྒུ་མདོར་གོད་ཆག་གིས་རྐྱེན་འདས་སུ་གྱུར་བ་རྣམས་ལ་གསོལ་འདེབས་སྨོན་ལམ། ཕྱོགས་མཚུངས་ལ་མོ་ཚངས་པའི་དགེ་འདུན་པ་རྣམས་ཀྱིས་ལྷ་ཆེན་ཚངས་པ་དཀར་པོའི་ཟབ་གསོལ་སོགས་དཀར་ཕྱོགས་སྐྱོང་བ་རྣམས་ལ་འཕྲིན་བཅོལ་གཉེར་གཏད་གནང་ཡོད། དེ་བཞིན་བྱང་རིགས་ཧོར་ཚོའི་སྐྱིད་སྡུག་གིས་ལྷ་རྒྱལ་རིར་པཎ་ཆེན་ཐམས་ཅད་མཁྱེན་པའི་འཁྲུངས་ལྷ་བསང་མཆོད་སོགས་ཆོས་ཕྱོགས་ཀྱི་མཛད་རིམ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རྒྱ་གཞུང་གི་བཙོན་ནས་མགྱོགས་ནས་མྱུར་དུ་གློད་བཀྲོལ་ཡོང་ཆེད་རྒྱབ་སྐྱོར་གྱི་མཚན་རྟགས་ཀྱང་བསྡུ་རུབ་གནང་ཡོད་པ་བཅས།