༢༠༡༥ ཟླ་ ༡༠ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༧ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་དེ་སྔོན་ཕྱི་ལོ་ ༡༩༤༩ དང་། ༡༩༥༠ ལོར་བོད་ནང་བསྐྱོད་མྱོང་བའི་ལོ་ཝེལ་ཐོ་མ་སེ་ Lowell Thomas and Lowell Thomas, Jr. ལགས་དང་ཁོང་གི་བུ་གཉིས་བོད་དུ་བསྐྱོད་དེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་མཆོག ཕག་རི། གྲོ་མོ། རྣ་ཐོས་ལ། དུས་སྐབས་དེའི་ནང་བོད་པའི་གྱོན་གོས་དང་ཆས་ལུགས། རྩིས་དཔོན་ཞྭ་སྒབ་པ་དང་། བོད་ཀྱི་གནད་ཡོད་མི་སྣ་སྒེར་དང་ཁྱིམ་ཚང་གི་པར་རིགས། བོད་ཀྱི་ལམ་ཡིག དེ་བཞིན་བཙན་བྱོལ་ནང་བོད་ཁྱིམ་སློབ་ཕྲུག་དང་བོད་ཀྱི་ཟློས་གར་ཚོགས་པ་བཅས་ལོ་རྒྱུས་ཀྱི་སྣང་བརྙན་གསལ་པོར་མཚོན་ཐུབ་པའི་པར་རིགས་གྲངས་ ༡༠༨ དང་། དེ་བཞིན་གློག་བརྙན་གཅིག་བཅས་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་ལོ་ཝེལ་ཐོ་མ་སེ་ཡི་བུ་མོ་ Anne Thomas donaghy ལགས་ཀྱིས་འགྲེམས་སྟོན་གནང་སོང་།
དེ་ཡང་ཐེངས་འདིའི་མཛད་སྒོར་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་ཁག་གཅིག དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་གནད་ཡོད་མི་སྣ་ཁག་གཅིག་བཅས་ཆེད་ཕེབས་གནང་ཡོད།
ཐོག་མར་ཤེས་རིག་བཀའ་བློན་མཆོག་གིས་པར་རིགས་འགྲེམས་སྟོན་དབུ་འབྱེད་གནང་བ་དང་། དེ་རྗེས་ཨེ་ནི་ཐོ་མ་སེ་ཌོ་ན་ག་ཡེ་ལགས་ཀྱིས་སྣེ་ཤན་གནང་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཤེས་རིག་བཀའ་བློན་མཆོག་བཅས་ལ་པར་རིགས་ངོ་སྤྲོད་གནང་བ་དང་། པར་རིགས་ལྟ་སྐོར་གྱི་ལས་རིམ་གྲུབ་རྗེས་གསར་འགོད་པས་ཨེ་ནི་ཐོ་མ་སེ་ལགས་ལ་བཅར་འདྲི་ཞུས་པར་ཁོ་མོས་གསུང་དོན། དེ་རིང་ངའི་པ་ལགས་དགུང་ལོ་ ༩༢ ལོན་པའི་སྐྱེས་སྐར་གྱི་ཉིན་མོ་འཁེལ་གྱི་ཡོད། ངས་པ་ལགས་ལ་ཁྱེད་རང་གིས་བརྒྱབ་པའི་པར་རིགས་ཁག་དེ་རིང་བོད་ཀྱི་དཔེ་མཛོད་ཁང་དུ་འགྲེམས་སྟོན་བྱེད་བཞིན་ཡོད་ཅེས་ཞུས་པ་ཡིན། ངའི་པ་ལགས་ཧ་ཅང་གི་དགའ་པོ་བྱེད་ཀྱི་འདུག སྤྱིར་ཁོང་རང་ད་ལྟ་དགུང་ལོ་བགྲེས་པོ་ཡིན་པར་བརྟེན་འགྲིམ་འགྲུལ་བྱེད་ཐུབ་ཀྱི་མེད།
ངས་དེ་རིང་འདིར་པར་རིགས་འགྲེམས་སྟོན་བྱེད་རྒྱུ་བྱུང་བ་དེ་ཧ་ཅང་གི་སྤྲོ་སྣང་ལྡན་པའི་ཚོར་སྣང་ཞིག་སྐྱེས་བྱུང་། སྤྱིར་ཕྱི་ལོ་ ༡༩༤༩ ལོར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ངའི་སྤོ་ལགས་དང་པ་ལགས་རྣམ་གཉིས་བོད་ལ་ཕེབས་ཤོག་ཅེས་དང་། གང་ཐུབ་ཀྱིས་བོད་མི་ཚོའི་གནས་སྟངས་དེ་འཛམ་གླིང་རྒྱལ་ཁབ་ཚོས་ཤེས་རྟོགས་ཡོང་བ་ཞིག་བྱ་དགོས་ཞེས་བཀའ་སློབ་ཕེབས་ཡོད། སྐབས་དེར་ངའི་སྤོ་ལགས་རླུང་འཕྲིན་རྒྱང་སྲིང་བྱེད་མཁན་ཞིག་དང་། ངའི་པ་ལགས་པར་པ་དང་ལྟད་མོ་བཟོ་མཁན་ཞིག་ཡིན་འདུག དེ་རིང་འདིར་སྟོན་བཞིན་པའི་གློག་བརྙན་འདི་ཁོང་གིས་བཟོས་པ་རེད། ཅེས་གསུངས།
དེ་བཞིན་ཤེས་རིག་བཀའ་བློན་མཆོག་གིས་ཀྱང་། པར་རིགས་འགྲེམས་སྟོན་དེ་ངོ་མཚར་ལྡན་པ་ཞིག་འདུག རྒྱ་གར་ནང་ཡོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་བསྟན་ཐུབ་ན་ཧ་ཅང་ཡག་པོ་ཡོད་པའི་དགོངས་འཆར་ལམ་སྟོན་ཡང་གསུང་གནང་སོང་། ཞེས་ངོ་སྤྲོད་གནང་བ་དང་། པར་རིགས་འགྲེམས་སྟོན་དེ་བཞིན་དེ་རིང་སྟེ་ཕྱི་ཚེས་ ༧ ནས་ ༢༡ བར་བོད་ཀྱི་དཔེ་མཛོད་ཁང་དུ་འགྲེམས་སྟོན་མུ་མཐུད་གནང་རྒྱུ་ཡིན་འདུག་པ་བཅས། །