ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢ རེས་གཟའ་པ་སངས་ཉིན་བཀའ་ཤག་གི་མདུན་ཐང་དུ་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དབུ་བཞུགས་ཐོག་རྒྱ་གར་རང་བཙན་འཐབ་རྩོད་པ་བདག་ཉིད་ཆེན་པོ་གཱན་ངྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ། བཀའ་དྲུང་ཡིག་ཚང་གི་སྲི་ཞུའི་ལས་བྱེད་བཅས་བཀའ་ཤག་མདུན་ཐང་དུ་ལྷན་འཛོམས་ཐོག སྲིད་ཚབ་མཆོག་གིས་རྒྱ་གར་རྒྱལ་དར་སྒྲེང་འཛུགས་གནང་རྗེས་ཚོགས་བཅར་བ་ཚང་མས་རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར། དེ་རྗེས་སྲིད་ཚབ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་དོན། གཞི་རྩའི་ཚང་མས་མཁྱེན་གསལ་རེད། གཱན་ངྷི་ཇི་མཆོག་ནི་རྒྱ་གར་རྒྱལ་ཁབ་ཀྱི་ཡབ་ཆེན་ཡིན་ཞེས་ཟེར་གྱི་ཡོད། ཁོ་རང་འཁྲུངས་པའི་སྐབས་དེར་རྒྱ་གར་རྒྱལ་ཁབ་དེ་བཞིན་དབྱིན་ཇིའི་དབང་བསྒྱུར་འོག་གནས་ཡོད། བོད་ནང་བཞིན་མ་རེད་དེ་དཀའ་ངལ་ཆེན་པོའི་འོག་གནས་ཡོད་པའི་སྐབས་དང་འཁེལ་ཡོད། དམ་པ་ཁོང་དབྱིན་ཇིའི་ལུང་པ་ནས་ཚུར་རྒྱ་གར་དུ་ཡོང་ནས་འགོ་ཁྲིད་ཀྱི་ཐུགས་འགན་བཞེས་ཐོག་འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་སྤེལ་ཏེ་རྒྱ་གར་ལ་རང་བཙན་ཐོབ་ཐུབ་པ་གནང་ཡོད།
ང་ཚོ་བཙན་བྱོལ་བོད་མི་ཚོས་ཁོང་གི་གནང་སྟངས་དེ་ཚོ་ནས་དཔེ་ལེན་རྒྱུ་མང་པོ་ཡོད། ཡིན་ནའང་གཱན་ངྷི་ཇི་མཆོག་དང་ང་ཚོ་ཏོག་ཙམ་འདྲ་གི་མ་རེད། གང་ལ་ཟེར་ན་གཱན་ངྷི་ཇི་མཆོག་ཁོང་རང་ཉིད་ཀྱི་ལུང་པར་འཐབ་རྩོད་གནང་ཡོད། སྐབས་དེ་དུས་རྒྱ་གར་ནང་དབྱིན་ཇི་ཉུང་ངུ་ཞིག་ལས་མེད། ཁོ་རང་ཚོའི་ལུང་པའི་ནང་ལས་འགུལ་སྤེལ་རྒྱུ་དེ་ལས་སླ་པོའི་ངང་ནས་ལས་དོན་བསྒྲུབ་ངེས་རེད། ང་ཚོ་རྒྱ་གར་ནང་བསྡད་ཡོད་པ་དང་སོ་སོའི་ལུང་པའི་ནང་མེད་སྟབས་གཱན་ངྷི་ནང་བཞིན་ང་ཚོར་བྱ་རྒྱུ་གང་ཡང་མེད། འོན་ཀྱང་གཱན་ངྷི་ཇི་མཆོག་ཁོང་གི་རྣམ་ཐར་དེ་ཚོ་ནས་ང་ཚོས་དཔེ་ལེན་དགོས་པ་མང་པོ་ཡོད།
ཁོང་རང་གི་སྐུ་ཚེ་དེ་བཞིན་རྒྱ་གར་རང་དབང་གི་དོན་དུ་བློས་གཏོང་ཆེན་པོས་དཀའ་ངལ་དུ་མ་མཛད་ཡོད། དེ་བཞིན་སྐུ་ངལ་མང་པོས་མཛད་རྗེས་ལ་བརྟེན་ནས་མཐར་རྒྱ་གར་ལ་རང་བཙན་ཐོབ་པ་བྱུང་ཡོད། དེར་བརྟེན་རྒྱ་གར་གྱི་མེས་པོ་དམ་པ་ཁོ་རང་གི་སྐུ་ཚེ་དེ་བཞིན་ཉམ་ཆུང་ངང་བསྐྱལ་གནང་ཡོད། ང་ཚོ་བོད་པ་ཚོས་དམ་པ་ཁོང་ནས་དཔེ་ལེན་རྒྱུ་མང་པོ་ཡོད། ད་ལྟ་ང་ཚོས་རྩོད་བཞིན་པའི་དབུ་མའི་ལམ་དེ་བཞིན་རྒྱ་གར་གྱི་མེས་པོ་དམ་པ་ཁོང་གིས་ཨ་ཧིམ་ས་སྟེ་འཚེ་མེད་ཞི་བ་དང་འདྲ་བ་ཡིན། དེ་ཡང་ཨ་ཧིམ་ས་སྟེ་འཚེ་མེད་ཞི་བ་ནི་མི་གཞན་ལ་འཚེ་བ་མ་བྱས་པའི་ཐོག་ནས་སོ་སོའི་བདེན་པའི་འཐབ་རྩོད་བྱེད་རྒྱུའི་ལམ་ཁ་དེ་དམ་པ་ཁོང་གིས་བསྟན་གནང་ཡོད། དུས་རྒྱུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་གཱན་ངྷི་ཇི་མཆོག་གི་ཨ་ཧིམ་ས་སྟེ་འཚེ་མེད་ཞི་བ་ཞེས་པ་དེ་ང་ཚོར་གལ་ཆེན་པོ་ཡིན་པ་བརྩིས་ཀྱི་ཡོད་ཅེས་གསུང་བཤད་གནང་ཡོད། །