༢༠༡༥ ཟླ་ ༡༠ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས། ཨ་རིའི་མངའ་སྡེ་མི་ནི་སོ་ཌའི་གྲོང་ཁྱེར་རོ་ཅེས་ཀྲར་གྱི་མ་ཡོ་སྨན་ཁང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཆིབས་སྒྱུར་བསྐྱངས་པ་བསྟུན། ཁུལ་དེར་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། མཇལ་ཁ་དང་བཀའ་སློབ་སྩལ་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་སྟེ། ས་གནས་དང་ཉེ་འཁོར་མངའ་སྡེ་ཁག་ནས་བཅར་བའི་བོད་མི་རྣམས་ལ་བཀའ་སློབ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་མ་ཡོ་སི་ཝིཀ་སེན་ཊར་(Mayo Civic Center) ཞེས་པའི་ཚོགས་ཁང་ནང་མེ་ནི་སོ་ཌའི་བོད་རིགས་ཚོགས་པའི་ཚོགས་གཙོས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་ཚང་མས་ཤེས་གསལ་རེད། ངོས་ཀྱིས་མ་ཡོ་སྨན་ཁང་ནང་བརྟག་དཔྱད་བྱས་ཏེ་ལོ་བཅུ་གྲངས་ཕྱིན་ཡོད། ཧ་ལམ་ལོ་རྟག་འཆར་འདིར་ཡོང་གི་ཡོད། མ་གཞི་ཟླ་བ་དྲུག་རེའི་མཚམས་ལ་ལྡི་ལིར་བརྟག་དཔྱད་རེ་བྱེད་རྒྱུ་དང་དེ་རྗེས་ཀྱི་ཟླ་དྲུག་གཅིག་གི་རྗེས་འདིར་ཚུར་ཡོང་སྟེ་བརྟག་དཔྱད་བྱེད་བཞིན་ཡོད། ཐེངས་འདིར་འདི་གར་བརྟག་དཔྱད་ཆེད་ཡོང་བ་ཡིན། ཁ་སྔོན་རྒྱ་གར་དུ་བརྟག་དཔྱད་བྱེད་སྐབས་གཟུགས་པོ་ཧ་ཅང་ཡག་པོ་འདུག ནད་གཞི་རིགས་གང་ཡང་མི་འདུག་ཅེས་བརྗོད་བྱུང་། ད་ཐེངས་འདི་གར་ཡང་ཞིབ་འཇུག་བྱས་རྗེས་གཟུགས་པོའི་གནས་སྟངས་རྩ་བའི་ཆ་ནས་ཧ་ཅང་ཡག་པོ་འདུག ཅེས་བརྗོད་ཀྱི་འདུག ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་སྡོད།
གཞི་རྐང་ངོས་ཀྱི་པུས་མོ་ཕྲན་བུ་མ་བདེ་བ་ཆགས་ནས་ལོ་གཉིས་གསུམ་ཕྱིན་པ་རེད། ཇར་མན་ལ་ངོས་ཀྱི་ངོ་ཤེས་གྲོགས་པོ་གཅིག་ཡོད་པ་ཁོང་གི་ངོ་ཤེས་པུས་མོའི་ཆེད་ལས་སྨན་པ་ཞིག་ཡོད་པ་ཁོང་ཐུག་པ་ཡིན། ཁོང་སྨན་པ་ཧ་ཅང་ཡག་པོ་གཅིག་འདུག ཁོང་གིས་པུས་མོར་གློག་པར་རྒྱག་རྒྱུས་མཚོན་གཟུགས་པོ་ཆ་ཚང་ལའང་བརྟག་དཔྱད་བྱས་པ་རེད། མཇུག་ཏུ་ཁོང་གིས་བསྡོམས་བརྒྱབ་པའི་སྐབས་ངོས་ཀྱི་གཟུགས་པོ་རྩ་བའི་ཡག་པོ་འདུག་ཅེས་བརྗོད་བྱུང་། པུས་མོ་འདི་ཁྱེད་རང་ལོ་ ༡༨ མ་རེད་ལོ་ ༨༠ རེད། དེར་བརྟེན་ལོ་ ༨༠ ལོན་པའི་མི་ཞིག་ཡིན་པར་སོང་པུས་མོ་ལ་སོགས་རིམ་པས་སྡུག་ཏུ་འགྲོ་རྒྱུ་མ་གཏོགས་ཞེ་དྲག་བཟོ་རྒྱུ་མེད། ང་རང་ཚོའི་སྟངས་འཛིན་གྱི་བློ་དེས་ད་དུང་བདེ་ཐང་དགོས་རྒྱུའི་བསམ་བློ་འཁོར་གྱི་ཡོད། ང་ཚོས་སྐྱེ་རྒ་ན་འཆི་ཡི་སྡུག་བསྔལ་གསུང་བཞིན་པ་དེ་ནས་ལུས་ལ་རྒ་བའི་སྡུག་བསྔལ་བསླེབས་ཡོང་གི་ཡོད། ངོས་ཀྱི་སེམས་ལ་ཧ་ཅང་ཕན་པོ་བྱུང་། ངོས་ལ་དེ་གདམས་ངག་ཆེན་པོ་ཞིག་བྱུང་བསམས་དྲན་བྱུང་། ཇར་མན་སྨན་པ་སྤོ་ལགས་དེས་གསུངས་པ་བཞིན་ལོ་ན་རྒས་ཡོང་སྐབས་དུས་ནས་དུས་སུ་བརྟག་དཔྱད་བྱེད་རྒྱུ་དང་། ནད་གཞི་ཡོང་རྒྱུའི་མཚན་མ་ཡོད་མེད་བལྟ་རྒྱུ་དང་། གལ་ཏེ་ཡོད་ན་སྔོན་འགོག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོ་བློ་བདེ་པོ་བྱོས། གཟུགས་པོ་བདེ་ཐག་ཆོད་ཡོད། ངལ་གསོ་མང་ཙམ་བཞག་ན་ཡག་པོ་འདུག་ཅེས་ད་ལྟ་རང་གིས་བརྗོད་སོང་། དེ་དངོས་གནས་རེད།
ངོས་རང་ཡང་ཉིན་མ་མང་པོ་འབྲེལ་ཏེ་བྲེལ་བ་བྱུང་སྐབས་ཕྲན་བུ་ཐང་ཆད་པའི་ཚོར་སྣང་ཡོང་གི་འདུག དེ་ཆོས་ཉིད་རེད། ད་ལོའི་ལོ་མཇུག་ལ་དུས་འཁོར་དབང་ཆེན་བྱེད་རྒྱུའི་ཐོག་མའི་འཆར་གཞི་དེ་མི་དགོས་པ་བྱས་པ་རེད། དེའི་སྔོན་ལ་སོག་ཡུལ་ལ་དུས་འཁོར་དབང་ཆེན་བྱེད་རྒྱུའི་རེ་འདུན་ཞུས་པ་རེད། དེ་ཡང་མ་དགོས་པ་བྱས་པ་རེད། དེ་མིན་གྱི་འདི་གར་ཆོས་འབྲེལ་བྱེད་རྒྱུ་ཁ་ཤས་ཡོད་པ་དེ་དག་བསྡུས་པ་བཟོས་ཡོད། ཕྱི་ཟླ་ ༡༢ ནང་རྒྱ་གར་ལྷོ་ཕྱོགས་སུ་ལོ་གཉིས་ཙམ་ཕྱིན་པའི་ལམ་རིམ་འཁྲིད་ཆེན་བཅོ་བརྒྱད་ཀྱི་མཇུག་དེ་ལྷོད་ལྷོད་ངང་སྐྱེལ་དགོས་བསམས་དྲན་བྱུང་། དེ་མིན་རྒྱ་གར་ལྷོ་ཕྱོགས་ལ་ཚན་རིག་གི་ཚོགས་འདུ་འཚོགས་རྒྱུ། ལོ་ཤས་ཤིག་འབྲས་སྤུངས་ལ་ཚོགས་པ་རེད། ད་ལོ་སེ་རར་འཚོགས་རྒྱུ་རེད། གཅིག་བྱས་ན་ངོས་རང་འདིར་བསྐྱར་དུ་ཕྱི་ཟླ་དང་པོའི་ནང་ཡོང་རྒྱུ་ཆགས་ཀྱི་ཡོད་མེད་གཏན་འཁེལ་མེད། མཚམས་རེ་སོ་སོར་དོ་སྣང་མེད་པ་བྱས་ཏེ་སྣང་བ་དག་ནས་སྡོད་སྐབས། ང་ཚོ་ལོ་ལྔ་བཅུ་དྲུག་ཅུའི་ནང་ངོ་ཤེས་པའི་རྒྱུས་ཡོད་ཚོ་ཐུག་སྐབས་ཧ་ཅང་སྤོ་པོ་ཆགས་པ་མཐོང་གི་འདུག །སྐྲ་ལོ་དུང་ལྟར་དཀར་བ་འདི། །ནག་ནོག་དྲི་མ་དག་པ་མིན། །འཆི་བདག་མཆིལ་མའི་རྒྱང་མདའ་དེ། །བ་མོའི་ཟོལ་གྱིས་བབས་པ་ཡིན། ཞེས་པ་ཏག་ཏག་ཆགས་ཡོད། ལོ་མང་ནས་ངོ་ཤེས་ཡིན་པ་ཚོ་སྤོ་རྨོ་ཆགས་ཡོད་སྟབས་ངོས་རང་ཡང་སྤོ་ཆགས་འདུག་བསམས་དྲན་གྱི་འདུག
ཐོག་མ་ང་ཚོ་འདིར་བཙན་བྱོལ་ལ་ཡོང་སྐབས་ངོས་རང་ལོ་ ༢༤ རེད། བོད་ལོ་རྩིས་ན་ལོ་ ༢༥ རེད། ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ ༥༦ ལྷག་ཙམ་འགྲོ་བཞིན་ཡོད། ཡུན་རིང་པོ་གང་ཙམ་རེད། འོན་ཀྱང་གལ་ཆེ་ཤོས་དེ་རྒྱ་ཆེའི་མི་མང་གི་དངོས་གནས་དྲང་གནས་ཀྱི་ལྷག་བསམ་དང་དད་དམ་གཡོ་བ་མེད་པ་ཡོད། གཙོ་ཆེ་བོད་ནང་གི་རྒྱ་ཆེའི་མི་མང་དེ་དག་དཀའ་ངལ་ག་ཚོད་ཡོད་ནའང་ལྷག་བསམ་རི་བཙུགས་པ་བཞིན་བསྡད་ཡོད། ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོ་ཡིན་ནའང་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཀྱི་ཡོད་སྟབས། དེ་བཞིན་གྱི་ཚང་མས་སྙིང་སྟོབས་སྐྱེས་ནས་དད་པ་དང་དམ་ཚིག་གཡོ་བ་མེད་པར་བསྡད་པ་རེད། དེར་བརྟེན་བདེན་པའི་མཐུ་ལ་བརྟེན་ནས་འཛམ་གླིང་འདིའི་སྒང་བོད་དོན་དེ་ལོ་ངོ་ལྔ་བཅུ་དྲུག་ཅུ་ཕྱིན་ནའང་མུ་མཐུད་བོད་དོན་ཐོག་དོ་སྣང་དེ་གསོན་པོར་གནས་ཡོད། རྒྱ་ནག་གཞུང་གིས་ཀྱང་དེ་དཀའ་ངལ་ཞིག་ཡིན་པ་ངོས་འཛིན་མ་བྱེད་རང་བྱེད་ཆགས་ཡོད། ང་ཚོ་བོད་པ་དུས་རབས་འདིའི་ནང་སྐྱེས་པའི་མི་རབས་དེ་ཚོ་དུས་ཚོད་ཁག་པོ་ཞིག་གི་ནང་ལ་སྐྱེས་པ་རེད། ངོས་རང་ལ་ཆ་མཚོན་ན་མི་ཚེ་མང་བ་བཙན་བྱོལ་བ་བྱས་ནས་བསྡད་པ་རེད། ཡིན་ནའང་བོད་སྤྱི་པའི་དོན་ལ་དངོས་དང་བརྒྱུད་པའི་ཐོག་ནས་གང་ལ་གང་འཚམ་གྱི་ཞབས་འདེགས་དང་ཕན་ཐོགས་བྱས་ཐུབ་ཡོད་རེད། འཛམ་གླིང་སྤྱི་ཡོངས་ཀྱི་ཐོག་ལ་ཡིན་ནའང་ང་རང་ཚོ་ཚང་མ་སངས་རྒྱས་པའི་ཆོས་ལ་ཉམས་ལེན་བྱེད་མཁན་ཞིག་རེད། ང་རང་ཚོས་ཞོགས་པ་གཉིད་སད་ནས་མིག་ཁ་ཕྱེ་པ་དང་སེམས་ཅན་ཐམས་ཅད་ཅེས་ང་ཚོས་སྨོན་ལམ་རྒྱག་གི་ཡོད།
ངོས་རང་ལ་ཆ་བཞག་ན་གཉིད་སད་མ་ཐག་མགོན་པོ་ཀླུ་སྒྲུབ་ཀྱི་གསུངས་ལས། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །ཟེར་བ་འདི་ཚར་ཁ་ཤས་ཤིག་མར་བཏོན། དེ་རྗེས་སྟོན་པའི་སྐུ་གསུངས་ཐུགས་ཀྱི་ཡོན་ཏན་སྤྱི་དང་། ལྷག་པར་ཟབ་མོ་རྟེན་འབྱུང་དེ་ཁོ་ན་ཉིད་རང་དབང་སྒོ་ནས་གདོམས་པར་མཛད་པ་དེ་ཚོའི་གྲས་ལ་བསམ་བློ་འདྲ་བཏང་། དེ་འདྲ་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་སེམས་ཅན་ཐམས་ཅད་ཀྱི་དངོས་དང་བརྒྱུད་པའི་སྒོ་ནས་ཕན་པ་བསྒྲུབ་རྒྱུ་དེ་ང་ཚོའི་ཆོས་ཀྱི་ཉམས་ལེན་སྙིང་པོ་དེ་རེད། དེར་བརྟེན་ཁ་ཡོད་ལག་ཡོད་ཀྱིས་འཛམ་གླིང་འདིའི་སྒང་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཕན་པ་བསྒྲུབ་རྒྱུ་དེ་ང་ཚོ་ཆོས་པ་ཚང་མས་ལས་འགན་ཆགས་ཡོད། དེར་བརྟེན་འཛམ་གླིང་འདིའི་སྒང་ལ་མིས་བཟོས་པའི་དཀའ་ངལ་དེ་དག་མི་རང་གིས་སེལ་རྒྱུའི་འགན་ཡོད། མིས་བཟོས་པའི་དཀའ་ངལ་དེ་ཚོ་མིས་སེལ་རྒྱུ་རེད་མ་གཏོགས་སྨོན་ལམ་བརྒྱབ་པ་གཅིག་པུའི་ཐོག་ནས་དཀའ་ངལ་སེལ་རྒྱུ་དེ་ཧ་ཅང་ཁག་པོ་རེད། དེ་སྔ་ང་རང་ཚོས་བོད་ནང་ལ་སྨོན་ལམ་བརྒྱབ་ན་དཀའ་ངལ་སེལ་གྱི་ཡོད་ཤག་བྱས་ནས་བསྡད་པ་རེད། ཞབས་བརྟན་འདྲ་བྱས། མི་རང་གིས་དངོས་ཡོད་ཀྱི་གནས་ཚུལ་རན་པ་ཞིག་གིས་ཐབས་ཤེས་ཤིག་བྱེད་མ་ཐུབ་པ་བྱས་ནས་དེ་འདྲའི་ངང་ཕྱིན་པ་རེད།
ངོས་ཀྱི་ཆོས་ལུགས་འདྲ་མིན་གྱི་ཆོས་གྲོགས་ཚོར་དེ་འདྲ་ཤོད་ཀྱི་ཡོད། འཛམ་གླིང་འདིའི་སྒང་གི་རྙོག་གྲ་མང་ཆེ་བ་དེ་ང་ཚོ་མིས་བཟོས་པ་རེད། དེར་བརྟེན་ང་རང་ཚོ་མིས་བཟོས་པའི་རྙོག་གྲ་དེ་དཀོན་མཆོག་ལ་སེལ་རོགས་གནང་ཞེས་གསོལ་བ་བཏབ་ན། གལ་སྲིད་དཀོན་མཆོག་ཞལ་གཟིགས་པ་དེ་འདྲ་བྱུང་བ་ཡིན་ན། ཕལ་ཆེར་དཀོན་མཆོག་གིས་འདི་འདྲ་གསུང་སྲིད་ཀྱི་རེད། ཁྱེད་རང་ཚོས་རྙོག་གྲ་དེ་ཁྱེད་རང་ཚོས་སེལ་རྒྱུ་རེད་མ་གཏོགས་ངས་བཟོ་རྒྱུ་ནི་མ་བྱུང་། ང་ལ་སྨོན་ལམ་བརྒྱབ་རྗེས་སེལ་རོགས་ཞེས་བཤད་ནས་ག་རེ་ཟེར་གྱི་ཡོད་དམ། ཞེས་དཀོན་མཆོག་གིས་གསུང་སྲིད་ཀྱི་རེད་ཅེས་བཤད་ཀྱི་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་དཀོན་མཆོག་ཟེར་ནའང་འདྲ་ཨ་ལ་ཟེར་ནའང་འདྲ་གང་དང་གང་ཡིན་ན་སྙིང་རྗེའི་བདག་ཉིད་ཅན། བརྩེ་བའི་བདག་ཉིད་ཅན། བརྩེ་བའི་བདག་ཉིད་ཅན་དེས་རྙོག་གྲ་བཟོ་གི་མ་རེད། རྙོག་གྲ་ང་རང་ཚོས་བཟོས་པ་རེད། རྙོག་གྲ་སེལ་རྒྱུ་དེ་ང་རང་ཚོར་འགན་ཡོད། བྱས་ཙང་མིས་བཟོས་པའི་རྙོག་གྲ་དེ་མིས་སེལ་དགོས་པའི་ལས་འགན་ཞིག་ཡོད། རྙོག་གྲ་དེ་སེལ་ཐུབ་པ་ཞིག་ཀྱང་རེད། མིའི་སེམས་རྒྱུད་མ་དུལ་བའི་ཐོག་ནས་ཆགས་སྡང་གིས་བློས་རྙོག་གྲ་དེ་བཟོས་ཀྱི་ཡོད་པར་བརྟེན། སེམས་རྒྱུད་ཏོག་ཙམ་མར་བློ་ལྷོད་པའམ་ཞི་བར་ཕྱིན། བྱམས་བརྩེའི་ཐོག་ནས་བསམ་བློ་ཏོག་ཙམ་དང་རྒྱ་ཆེ་སའི་ཐོག་ནས་བསམ་བློ་འཁོར་ཐུབ་པ་ཡིན་ན་ཏན་ཏན་དཀའ་ངལ་སེལ་ཐུབ་ཀྱི་རེད། ལོ་གཅིག་གཉིས་ནང་ལ་སེལ་ཐུབ་ཀྱི་མ་རེད་དེ་ལོ་བཅུ་ཕྲག་ཕྱིན་པ་ཡིན་ན་ཏན་ཏན་དཀའ་ངལ་སེལ་ཐུབ་རྒྱུ་ཡིན་པར་ཡིད་ཆེས་བྱེད་ཆོག་པ་ཞིག་རེད། དེར་བརྟེན་ངོས་ཀྱི་ངོ་ཤེས་པ་ཚོར་ནམ་རྒྱུན་དེ་ཤོད་ཀྱི་ཡོད། ང་ཚོས་བྱམས་བརྩེ་སྤེལ་རྒྱུ་ཟེར་བ་དེ་སློབ་སྦྱོང་གི་ཐོག་ནས་བྱམས་བརྩེ་སྤེལ་དགོས།
ཆོས་ཀྱི་ཐོག་ནས་བྱམས་བརྩེ་སྤེལ་ཟེར་བ་དེ་ཆོས་དད་ཡོད་མཁན་ཞིག་ཡིན་ན་ཆོས་ཕྱོགས་ཐོག་ནས་སྤེལ་རྒྱུ་དང་། དེ་ཡང་རིས་སུ་མ་ཆད་པའི་ཆོས་ལུགས་ཚང་མར་བྱམས་བརྩེ་སྤེལ་རྒྱུའི་ནུས་པ་གཅིག་གྱུར་ཡོད། འོན་ཀྱང་ཆོས་དད་མེད་མཁན་གྱི་མི། དཔེར་ན་དེ་རིང་ཁ་སང་འཛམ་གླིང་འདིའི་སྒང་ལ་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་པའི་ནང་ལ་ཆོས་དད་མེད་མཁན་དེ་དུང་ཕྱུར་བཅུ་ལྷག་ཙམ་འདུག ཆོས་དད་ཡོད་ཟེར་མཁན་གྱི་ནང་ལའང་དོན་དངོས་དགག་རྩ་འདྲ་ཐུག་པའི་སྐབས་ལ་བསད་གཏུབ་བྱས་ནས་འགྲོ་གི་འདུག དེར་བརྟེན་གང་ལྟར་ཆོས་དད་མེད་མཁན་ཚོ་ལྟ་ཅི་སྨོས། ཆོས་དད་ཡོད་མཁན་ཚོས་སྙིང་ཁོངས་རུས་པའི་གཏིང་ནས་བྱམས་པ་དང་། བརྩེ་བ། བཟོད་པ་དེ་ཚོའི་གྲས་ལ་ཡིད་ཆེས་འདེང་འཁེལ་བ་ཞིག་མེད་པ་བྱས་ནས་ཡོང་གི་འདུག འདི་སྤེལ་རྒྱུ་དེ་ཤེས་ཡོན་གྱི་སློབ་གསོའི་ཐོག་ནས་བྱམས་བརྩེ་ཟེར་བ་འདི་སྤྱི་ཚོགས་ལ་གལ་ཆེན་པོ་ཡིན་པ། འགྲོ་བ་མི་སྤྱི་ལ་ཡིན་ནའང་གལ་ཆེན་པོ་ཡིན་པ། ཁྱིམ་ཚང་ཞིག་གི་ནང་ལ་ཡིན་ནའང་གལ་ཆེན་པོ་ཡིན་པ། སྒེར་སོ་སོའི་ངོས་ནས་ཇི་ཙམ་བྱམས་བརྩེའི་བློ་ཡོད་པ་དེའི་ཚོད་ཀྱིས་མི་དེ་བློ་ལྷོད་པ།
བློ་ལྷོད་པ་བྱུང་ན་གཟུགས་པོའི་འཕྲོད་བསྟེན་ལ་ཞེ་དྲགས་ཕན་གྱི་རེད་ཅེས་ད་ལྟ་ཚན་རིག་པའི་སྨན་པ་ཚོས་བརྗོད་ཀྱི་འདུག དེར་བརྟེན་ང་ཚོས་སློབ་གསོའི་ཐོག་ནས་ཁོང་ཁྲོ་དང་། ང་རྒྱལ། འཕྲག་དོག དེ་ཚོའི་གྲས་ལ་སློབ་གསོའི་ཐོག་ནས་སྐྱོན་ཡོད་པ་ཞིག་ངོ་འཕྲོད་བྱེད་ཐུབ་པ་ཞིག་དེ་རིང་ཁ་སང་ཚན་རིག་པའི་ཐོག་ནས་མང་པོ་ཤོད་ཀྱི་འདུག དེ་བཞིན་ང་རང་ཚོའི་ཉམས་མྱོང་གི་ཐོག་ནས་བཤད་ཐུབ་ཀྱི་རེད། སློབ་གསོའི་ལམ་ནས་མ་འོངས་ཡོང་རྒྱུའི་མི་རབས་དེ་དག་ཏན་ཏན་བྱམས་བརྩེའི་ཡོན་ཏན་མཐོང། ཁོང་ཁྲོའི་ཉེས་དམིགས་མཐོང་ནས་མི་ཏོག་ཙམ་ཞི་ཞིང་དུལ་བ། བྱམས་བརྩེ་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་ཏན་ཏན་ཡོད་རེད། ལོ་ཁ་ཤས་གོང་ལ་ཨ་མི་རི་ཁའི་ལོས་ཨེན་ཇལ་སོགས་གྲོང་ཁྱེར་ཁ་ཤས་ཀྱི་མིང་ལ་བྱམས་བརྩེའི་གྲོང་ཁྱེར་ཞེས་མིང་བཏགས་པ་དེ་འདྲ་བྱུང་ཡོད། ལོ་རྗེས་མར་བྱམས་བརྩེའི་གྲོང་ཁྱེར་དེ་ཚོའི་འགོ་ཁྲིད་ཚོ་རུག་རུག་བྱས་ནས་ཚོགས་འདུ་འཚོགས་རྒྱུའི་བསམ་བློ་གཏོང་གི་འདུག དེ་ཚོའི་གྲས་དེ་ཡག་པོ་རེད།
སློབ་སྦྱོང་ནང་ལ་ཡིན་ནའང་ད་ལྟ་ཡོད་དང་ཡོད་བཞིན་པའི་དེང་རབས་ཀྱི་སློབ་གསོ་ Modern Education ནང་ལ་སེམས་ཀྱི་ཡ་རབས་དང་ནང་གི་བཟང་པོའི་ཡོན་ཏན་སྐོར་ལ་སློབ་གསོ་འདང་གི་མི་འདུག ནང་གི་བཟང་པོའི་ཡོན་ཏན་སྐོར་ལ་སྐད་ཆ་བཤད་སྐབས་ལམ་སེང་ཕར་ཆོས་ཕྱོགས་ལ་བརྟེན་པ་ཞིག་དང་། ཆོས་ཕྱོགས་ཀྱི་ཐོག་ནས་ཡིད་ཆེས་ཐོག་ནས་འགྲོ་རྒྱུ་མ་གཏོགས་རྒྱུ་མཚན་དྲངས་ནས་འགྲོ་རྒྱུ་ཞེ་དྲགས་མི་འདུག དེའི་སྐོར་ལ་ངོས་ཀྱི་ངོ་ཤེས་པ་ཚན་རིག་པ་ཁག་གཅིག་སྐད་ཆ་བཤད་ནས་ཕལ་ཆེར་ལོ་བཅུ་གྲངས་ཕྱིན་པ་རེད། གང་ལྟར་ཞིབ་འཇུག་འདྲ་བྱས་ནས་ཤེས་ཡོན་སློབ་གསོའི་ནང་ལ་ཨིན་ཇིའི་སྐད་ནང་ཞུས་ན། Secular Education ནང་ལ་ Secular Ethic སློབ་སྦྱོང་བྱ་རྒྱུ་ཞིག་གི་ཞིབ་འཇུག Research ཅིག་བྱེད་ཀྱི་ཡོད་རེད། དོ་སྣང་བྱེད་མཁན་མང་དུ་མང་དུ་འགྲོ་གི་འདུག རྒྱ་གར་ནང་ལ་ཡིན་ནའང་རྒྱ་གར་གཙུག་ལག་སློབ་གཉེར་ཁང་མང་པོ་ཞིག་གིས་ངོས་དང་འབྲེལ་བ་ཡོང་གི་ཡོད་རེད། ཚང་མས་དོ་སྣང་བྱེད་ཀྱི་འདུག
དེ་འདྲའི་ཐོག་ལ་ག་ཚོད་ཐུབ་ཐུབ་ཀྱིས་སོ་སོས་ལྷག་བསམ་རྣམ་དག་བྱས་ནས་འབད་བརྩོན་བྱེད་ཀྱི་ཡོད་ལ། འབད་བརྩོན་བྱེད་པ་གཞིར་བཟུང་གིས་གང་ལ་གང་འཚམ་གྱི་ནུས་པ་འདྲ་ཐོན་གྱི་ཡོད་པའི་བཟོ་འདྲ་འདུག་ལ་དགའ་པོའང་ཞེ་དྲགས་བྱེད་ཀྱི་འདུག དེ་འདྲ་ཡིན་དུས་ང་ཚོ་བཙན་བྱོལ་ལ་བསྡད་པའི་རིང་གཙོ་ཆེ་ཤོས་བོད་པ་ཞིག་ཡིན་པའི་ངོས་ནས་ང་ཚོ་བོད་བསྟན་སྲིད་ཀྱི་དོན་དག་དེ་རེད། དེ་ནི་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་འགན་འཁུར་ཡོད་པ་ཞིག་རེད་ལ། ངོས་རང་ནས་ག་ཚོད་ཐུབ་ཐུབ་བྱེད་ཀྱི་ཡོད། ཆབ་སྲིད་ཀྱི་ལས་འགན་ནི་ཕྱི་ལོ་ ༢༠༡༡ ནས་ངོས་ཀྱིས་ལས་འགན་གཙང་མ་བཞག་པ་རེད། དེ་བས་དང་བས་ཀུན་ནས་བླངས་ཏེ་དགའ་བཞིན་སྤྲོ་བཞིན་དུ་ཆབ་སྲིད་ཀྱི་ལས་འགན་མཚམས་འཇོག་བྱས་པ་རེད། ཆོས་དང་རིག་གཞུང་། ཁོར་ཡུག་དེ་ཚོའི་སྐོར་ལ་གང་ལྟར་ངོས་རང་མ་ཤི་བར་དུ་འགན་ཡོད་རེད་ལ་ངོས་ཀྱི་དེ་མུ་མཐུད་བྱེད་ཀྱི་རེད། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་སྐོར་གང་ལ་གང་འཚམ་གྱི་ཞབས་འདེགས་བསྒྲུབས་ཡོད། ང་ཚོ་བཙན་བྱོལ་དུ་གྱར་ནས་ལོ་ལྔ་བཅུ་ང་དྲུག་ཙམ་ཕྱིན་པ་རེད། ཕྱིར་མིག་ཅིག་བལྟས་པ་ཡིན་ན། གང་ལྟར་འཕྲོ་བརླག་ཕྱིན་མེད་པའི་བཟོ་འདྲ་བོ་ཞིག་འདུག གང་ལ་གང་འཚམ་གྱི་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་ཞིག་འདུག
ང་ཚོ་བོད་མི་བཙན་བྱོལ་བ་དེ་ཚོའང་ཡག་ཐག་གཅོད་རེད། རེ་ཟུང་རེ་ཟུང་ཡོང་གི་རེད། དེ་ནི་གནས་ཚུལ་ཐ་དད་རེད། དེ་འདྲ་ཡོང་གི་རེད། མིའི་སྤྱི་ཚོགས་ནང་མི་འདྲ་མིན་ཡོང་གི་རེད། སྤྱི་ཡོངས་ཀྱི་ཐོག་ནས་ཞེ་དྲགས་ཡག་པོ་ཡིན། ད་དུང་ང་ཚོ་ཚང་མས་ལྷོད་གཡེང་མ་སོང་བ་ཞིག་བྱ་རྒྱུ་དཔེ་གལ་ཆེན་པོ་རེད། སེམས་ཤུགས་དང། ལྷག་བསམ། དམ་ཚིག་རྡོག་རྩ་གཅིག་སྒྲིལ་ཡོད་པ་འདི་ད་དུང་ཡིན་ནའང་ཚང་མས་དོ་འཁུར་ཆེན་པོ་བྱས་ཏེ་གཟབ་གཟབ་བྱོས། དེ་དང་ཆབས་ཅིག་ང་ཚོ་བོད་པའི་མིས་འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ལ་ནང་པའི་ཡུལ་གྲུ་མང་པོའི་མི་དང་ཐུག་གི་ཡོད། མཁས་པ་དང་ཆོས་པ་དེ་འདྲ་ཐུག་གི་ཡོད། སྤྱིར་འཛམ་གླིང་འདིའི་སྒང་གི་ལྟ་གྲུབ་ཡོད་པའི་ཆོས་ལུགས་ཚང་མས་བྱམས་བརྩེའི་བསླབ་བྱ་གཙོ་བོར་བྱས་པ་དེ་ཞེ་དྲགས་ཡག་པོ་རེད། ཧ་ལམ་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་གཙོ་ཆེ་ཤོས་ཚང་མ་ངོས་ནས་ངོས་གསུམ་ལ་ངོས་འཛིན་བྱེད་ཀྱི་ཡོད།
དང་པོ་དེ་རྷརྨ་ཞེས་ཆོས་ཕྱོགས་ཀྱི་ངོས་དེ་འཛམ་གླིང་ཆོས་ལུགས་གཙོ་ཆེ་བ་ཚང་མ་གཅིག་མཚུངས་ཡིན། ཆོས་ལུགས་ཚང་མས་བྱམས་པ་དང་། བརྩེ་བ། བཟོད་པ། ཆོག་ཤེས། རང་ཁྲིམས་སྲུང་རྒྱུ་བཅས་ཚང་མས་གཅིག་པ་བཤད་ཀྱི་འདུག དེར་བརྟེན་ཆོས་ལུགས་ངོས་ནས་ཚང་མ་གཅིག་པ་རེད་འདུག དེར་བརྟེན་གུས་ཞབས་བྱེད་རྒྱུར་རྒྱུ་མཚན་ཡོད་པ། རྗེས་སུ་ཡི་རང་བྱས་ནས་མི་མང་པོར་ཕན་གྱི་ཡོད་རེད། སྔ་མོ་ཡིན་ནའང་ལོ་སྟོང་ཕྲག་རིང་ཕན་ཐོགས་བྱུང་ཡོད། ད་ལྟ་ཡིན་ནའང་ཕན་གྱི་ཡོད་རེད། མ་འོངས་པར་ཡིན་ནའང་ཕན་པར་གྱུར་བ་རེད། ཡི་ཤུ་དང་ཁ་ཆེ་ཆོས་ཡིན་ན་རེད། མུ་སྟེགས་པ་ཧིན་དུ། ཇེན། ཇེའུ་སོགས་གང་ཡིན་ནའང་བྱམས་བརྩེ་སྐོར་ཤོད་མཁན་ཤ་སྟག་རེད་འདུག དེའི་ངོས་ནས་བལྟས་པ་ཡིན་ན་ཧ་ཅང་ཡག་པོ་རེད་བསམ་སྟེ་མངོན་པར་བསྟོད་རྒྱུ་ཞིག་འདུག དེ་འདྲའི་ཐོག་ནས་ཆོས་ལུགས་མཐུན་སྒྲིལ་ཡོང་གི་རེད།
ངོས་གཉིས་པ་དེ་ལྟ་གྲུབ་རེད། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཞེ་དྲགས་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་བཅས་ཁྱད་པར་ཧ་ཅང་ཆེན་པོ་ཡོད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ནང་དུའང་ཕུང་པོ་ལས་དོན་གཞན་པའི་བདག་འདོད་མཁན་གཅིག་དང་། ཕུང་པོ་ལས་དོན་གཞན་པའི་བདག་མི་འདོད་མཁན་གཅིག་བཅས་ཁག་གཉིས་འཐོན་ཡོང་གི་འདུག ནང་པ་སངས་རྒྱས་པའི་ཆོས་བརྒྱུད་འདི་གཅིག་པུ་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཐོག་ལ་ཕུང་པོ་ལས་དོན་གཞན་པའི་བདག་མེད། ཅེས་གསུང་གི་ཡོད། གཞན་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཡོངས་རྫོགས་ཀྱིས་བདག་ Soul ཨཏ་མཱ། ཟེར་རྒྱུ་ཞིག་ཚང་མས་བཤད་ཀྱི་འདུག ཕུར་པོ་འདི་འདོགས་ལེན་བྱེད་མཁན་དེ་བདག་ཕུང་པོ་ལས་དོན་གཞན་པ་ཞིག་དགོས་རེད། ཅེས་དེ་ལྟར་བཤད་ཀྱི་ཡོད། སངས་རྒྱས་པས་དེ་མིན་གསུངས་ཀྱི་ཡོད། དེར་བརྟེན་ལྟ་གྲུབ་ཀྱི་ཐོག་ནས་ཧ་ཅང་མི་འདྲ་བ་འདུག སངས་རྒྱས་པའི་ལྟ་གྲུབ་རང་ལ་ཆ་བཞག་ན། དཔེར་ན། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་དེ་དག་ནང་གསེས་ལའང་ཕྲན་བུ་མི་འདྲ་བའི་ལྟ་གྲུབ་མང་པོ་ཐོན་ཡོང་གི་འདུག
ལྟ་གྲུབ་ཀྱི་ཐོག་ནས་བརྩིས་པ་ཡིན་ན། ཧ་ཅང་མི་འདྲ་བ་ཡོད། འོན་ཀྱང་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དག་དགོས་པ་དང་རྒྱུ་མཚན་གང་རེད་དེའི་ཐོག་བསམ་བློ་གཏང་བ་ཡིན་ན་དགོས་པ་གཅིག་གྱུར་རེད་འདུག བྱམས་བརྩེའི་ཉམས་ལེན་གོང་མཐོར་སྤེལ་རྒྱུར་ལྟ་གྲུབ་མི་འདྲ་བ་དེ་དག་ཐོན་ཡོང་གི་འདུག དཔེར་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོའི་ཉམས་ལེན་གཙོ་བོ་དེ་བྱམས་བརྩེ་ཉམས་ལེན་བྱེད་རྒྱུ་དང་། བྱམས་བརྩེའི་ཉམས་ལེན་ཡག་པོ་ཡོང་བར་ཇི་ཙམ་འཇིག་རྟེན་བཀོད་པ་པོར་ཡིད་ཆེས་རྩེ་གཅིག་ཡོད་པའི་ཚོད་ཀྱི་དཀོན་མཆོག་གི་དགོངས་པ་ནང་བཞིན། དཀོན་མཆོག་གིས་རྗེས་སུ་བརླབས་ནས་བྱམས་བརྩེ་ལྡན་པའི་མི་ཞིག་བྱ་རྒྱུར་སེམས་ཤུགས་སླེབ་ཀྱི་རེད། ཁྱད་པར་འདུག་གམ། དེར་བརྟེན་བསྒྲུབ་བྱ་དེ་གཅིག་པ་རེད་འདུག
འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་གྲངས་ཅན་པ་དང་། གཅེར་བུ་བ། སངས་རྒྱས་པའི་ཆོས་པ་དེ་གསུམ་གྱི་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་ཉིད་བདག་གི་མགོན་ཡིན། ཞེས་ཧ་ཅང་གསལ་པོ་གསུངས་ཡོད། དེ་དག་གིས་མིའི་ཁམས་དང་མོས་པ་མི་འདྲ་བ་ལ་ང་རང་གིས་གཟབ་གཟབ་བྱས་ན་མ་གཏོགས་ངས་ལས་ངན་གསག་པ་ཡིན་ན། ང་རང་སྡུག་བསྔལ་མྱོང་རྒྱུ་མ་གཏོགས་དཀོན་མཆོག་གིས་སྐྱབས་རྒྱུ་མེད་སྙམ་པའི་བསམ་བློ་འཁོར་ཡོང་དུས་བསམ་བློའི་ཕན་ཐོགས་ཆེ་བ་ཡོད་པ་འདུག ལྟ་གྲུབ་མི་འདྲ་བ་དེ་དག་གི་དགོས་པ་དེ། བྱམས་བརྩེའི་ཉམས་ལེན་བྱེད་རྒྱུར་ཡིད་ཆེས་དང་། སེམས་ཤུགས་སྐྱེད་རྒྱུར་ཕན་ཐོགས་ཡོད་པ་ཞིག་རེད་འདུག
ངོས་གསུམ་པ་དེ་གོམས་གཤིས་རེད་འདུག Culture དང་Tradition ཟེར་རྒྱུ་དེ་དག་རེད། དཔེར་ན། རྒྱ་གར་ནང་བྲམ་ཟེ་ཆོས་ལུགས་སྨྲ་བ་ཚོས་རིགས་རུས་ཀྱི་སྐད་ཆ་མང་པོ་བཤད་ཡོང་གི་འདུག དེ་རིང་ཁ་སང་ཡིན་ནའང་རིགས་ཀྱི་ caste system རྙོག་གྲ་འདུག དེ་བཞིན་ཕོ་མོའི་ཁྱད་པར་སོགས་ཀྱི་དཀའ་ངལ་ཡོད། དེ་ཚོའི་གྲས་དེ་གོམས་གཤིས་ཀྱི་ཆགས་པས་རེད་འདུག ཆོས་ལུགས་མང་ཆེ་བ་དེ་དག་ཕལ་ཆེར་ལོ་སྟོང་ཕྲག་གཉིས་ཀྱི་གོང་ལ་བྱུང་བ་ཤ་སྟག་རེད། དེ་དུས་སྤྱི་ཚོགས་ཀྱི་གནས་སྟངས་དེ་ཞིང་བྲན་ལམ་ལུགས་རེད། ཅེས་སོགས་ཀྱི་བཀའ་སློབ་རྒྱས་པར་སྩལ།།