༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༢ ཉིན་དཔལ་རྒྱུད་སྟོད་གྲྭ་ཚང་གིས་གོ་སྒྲིག་ཐོག་མདོ་ཁམས་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་གྱི་གོད་ཆག ཤུགས་ཆེ་བྱུང་སྟེ་བོད་མིའི་སྡོད་ཁང་བརྒྱ་ཆ་དགུ་བཅུ་ཞིག་རལ་དང་། མི་ཉིས་སྟོང་ལྷག་གི་ཚེ་སྲོག་ཤོར་བ། མི་ཁྲི་ལྷག་ལ་རྨས་སྐྱོན་ཕོག་པ། ཕ་མ་གྲོངས་ཏེ་དྭ་ཕྲུག་ཏུ་ལུས་པ། ནང་མི་རྩ་མེད་དུ་ཕྱིན་པ་སོགས་ཡིད་སྐྱོའི་གནས་ཚུལ་ལ་གདུང་སེམས་མཉམ་སྐྱེའི་སླད་འཕགས་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གྱིས་སྐྱབས་བསྔོ་སྨོན་ལམ་ཚོགས་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཐོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་དཔལ་རྒྱལ་བ་ཀརྨ་པ་མཆོག་དབུ་བཞུགས་ཐོག་རྒྱུད་སྟོད་ཀྱི་མཁན་པོ་དང་བླ་སྤྲུལ། དགེ་བཤེས་སྤྱི་དང་དགེ་འདུན་པ་ ༥༠༠ བརྒལ་བ་ནས་སྨོན་ཚོགས་གྲུབ་མཚམས་རྒྱལ་བ་ཀརྨ་པ་མཆོག་གིས་གསུང་བཤད་གནང་དོན། ཉེ་ཆར་བོད་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་འཇིག་པ་ཚབས་ཆེན་བྱུང་སྟེ་མི་མང་པོ་ཤི་རྨས་དང་ལོངས་སྤྱོད་ལ་གྱུར་བ་ཆེན་པོ་བྱུང་ཡོད། དེ་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ཧ་ཅང་ཡིད་སྐྱོའི་གནས་ཚུལ་དང་བོད་མི་རིགས་ཡོངས་ལ་སེམས་འཚབ་བྱེད་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད། ང་ཚོ་བཙན་བྱོལ་ནང་སྐྱེ་རྒུ་མདོ་ནས་ཡིན་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་གྲྭ་ས་སྒྲིམ་མཁན་མང་པོ་ཞིག་ཡོད།
ཁོང་ཚོ་ཁ་ཤས་ཀྱི་ནང་མི་དང་ཕ་མ་སྤུན་མཆེད་ཆ་ཚང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བཀྲ་མི་ཤིས་པ་ཧ་ཅང་ཐབས་སྐྱོ་བྱུང་འདུག བཀྲ་མི་ཤིས་པ་དེ་གོ་མ་ཐག་བྱེས་ལ་བཞུགས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་ཀྱིས་ཐུགས་སྨོན་རྒྱ་ཆེ་གནང་བ་དང་ཆབས་ཅིག་བྱེས་ཁྲོད་ལ་ཡོད་པའི་གྲྭ་བཙུན་གྱི་འདུས་སྡེ་ཡོངས་རྫོགས་ནས་གསོན་པོའི་སྐུ་རིམ་དང་ལྷག་པར་གཤིན་པོ་ཚོའི་དགེ་རྩར་དམིགས་ཏེ་བསྔོ་སྨོན་རྒྱ་ཆེ་གནང་ཡོད། ཡིད་སྐྱོ་དགོས་པའི་གནས་ཚུལ་དེ་འདྲ་ཞིག་བྱུང་སྐབས། ཕྱོགས་གཅིག་ནས་འ་ཆད་འུ་ཐུག་གི་གནས་སུ་གྱར་ཡོད། འོན་ཀྱང་བོད་མི་རིགས་ལ་ལྷན་སྐྱེས་དགེ་བའི་ནུས་པ་སེམས་རྒྱུད་ལ་ཡོད་པ་མ་ཟད། ལས་རྒྱུ་འབྲས་ཀྱི་སྐྱེ་འཆི་རང་བཞིན་ལ་ཏོག་ཙམ་རྒྱུས་མངའ་ཡོད་པར་བརྟེན། གཞན་དང་མི་འདྲ་བར་ད་དུང་ཡིན་ནའང་སྙིང་སྟོབས་དང་སེམས་ཤུགས་མ་ཆག་པར་ཡག་པོ་ཡོད་པ་གསར་འགྱུར་བརྒྱུད་ལམ་ནས་ཤེས་རྟོགས་བྱུང་བ་ཧ་ཅང་ཡག་པོ་རེད། དེ་བཞིན་བོད་ལ་ཡོད་པའི་མདོ་དབུས་ཁམས་གསུམ་གྱི་བོད་རིགས་ཚང་མས་རྐྱེན་ཆག་ཆེན་པོ་དེ་འདྲ་ཞིག་བྱུང་བར། གདུང་སེམས་མཉམ་སྐྱེ་ཐོག་ནས་རོགས་རམ་བྱེད་རྒྱུ་དང་། ལྷག་པར་ཉེ་འཁོར་དགོན་སྡེ་ཁག་གི་གྲྭ་བཙུན་ཚོའི་ངོས་ནས་ས་གནས་ས་ཐོག་ཏུ་ཕྱིན་ཏེ་རོགས་རམ་དང་ཁུལ་སའི་བྱ་བར་མཉམ་ཞུགས་བྱས་པ་དེར་བསྔགས་བརྗོད་ཞུ་འོས་པ་ཞིག་བྱུང་འདུག
འདི་ག་བྱེས་སུ་ཡོད་པའི་བོད་རིགས་ཚང་མས་སྙིང་ནས་རྗེས་སུ་ཡི་རང་ཞུ་གི་ཡོད། སྡུག་ཤོས་དེ་གཤིན་པོ་ཚེ་ལས་འདས་པ་དེ་དག་གློ་བུར་དུ་སྐྱེ་འདས་སུ་གྱུར་བར་བརྟེན། སྙིང་རྗེའི་ཡུལ་དང་ཡ་ང་བའི་གནས་ཤིག་ཆགས་ཡོད། འོན་ཀྱང་ད་རེས་གནས་ཚུལ་དེ་འཛམ་གླིང་ལ་ཁྱབ་བསྒྲགས་ཕྱིན་ཏེ་ནང་པ་ཙམ་དུ་མ་ཟད། ཁ་ཆེ་དང་ཡེ་ཤུ། མདོར་ན་ཆོས་དད་རིང་ལུགས་ཚང་མས་སོ་སོའི་བསམ་པ་དག་པའི་སྒོ་ནས་སྨོན་ལམ་དང་གདུང་སེམས་མཉམ་སྐྱེ་བྱེད་ཀྱི་ཡོད་པ་རེད། ཏན་ཏན་འཛམ་གླིང་ཚང་མའི་དགེ་བའི་ནུས་པ་གཅིག་ཏུ་སྤུངས་ཡོང་སྐབས་གཤིན་པོ་རྣམས་གནས་བཟོད་བདེ་བ་ཞིག་དང་། དལ་འབྱོར་རྟེན་བཟང་ཐོབ་སྟེ་མུ་མཐུད་དམ་པའི་ཆོས་ལ་ཉམས་ལེན་བྱེད་ཐུབ་རྒྱུའི་ཡིད་ཆེས་ཡོད། གསོན་པོ་ཤུལ་ལུས་ཚོ་ཡང་འབྲེལ་ཡོད་སྲིད་གཞུང་དང་ཚོགས་སྡེ་ཁག་ནས་གང་ཐུབ་རོགས་རམ་གནང་འདུག་པས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། འཁོར་བའི་རང་བཞིན་དེ་འཇིག་ཆོག་ཆོག་ཡོད་སྟབས། དེའི་རྒྱུ་མཚན་མཐོང་ཐུབ་པ་བྱས་ཏེ་སྡུག་བསྔལ་དེ་དག་མགྱོགས་ནས་མྱུར་དུ་ཞི་ཐུབ་པ་དང། ལྷག་པར་ཞི་འཇམ་དང་ལྡན་པའི་འཚོ་བ་གསར་པར་ལོངས་སུ་སྤྱོད་ཐུབ་པ་ཡོང་བའི་བསྔོ་སྨོན་དང་མཚམས་སྦྱོར་ཞུ་གི་ཡོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བོད་འབངས་ཐུགས་ཀྱི་མ་བཏང་བར། བོད་ལ་ཆིབས་སྒྱུར་བསྐྱང་རྒྱུའི་དགོངས་པ་ཆེ་བཞེས་མཛད་ཀྱི་ཡོད། དེར་བརྟེན་གཅིག་བྱས་ན་རྟགས་དང་རྟེན་འབྲེལ། དེ་བཞིན་ལས་དང་སྨོན་ལམ་འཛོམས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་ཁུལ་དུ་ཆིབས་སྒྱུར་བསྐྱང་ཐུབ་རེ་དང་། གལ་ཏེ་དེ་ལྟར་མ་བྱུང་ན། མགོན་པོ་གང་ཉིད་མཆོག་གི་སྐུ་ཡི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཀྱི་སྐྱེས་བུ་དམ་པ་ཞིག་ཕེབས་ཐུབ་པ་བྱུང་ན། ད་ལྟ་བོད་མི་ཚོར་རྐྱེན་ཆག་བྱུང་སྐབས། སེམས་ལ་སོ་སོའི་ཡིད་ཆེས་དང་དད་པ་ཆེ་ཤོས་ཡོད་པ་དེ་འདྲ་ཞིག་ཧ་ཅང་མཇལ་འདོད་ཀྱི་རེ་བ་བྱེད་ཀྱི་ཡོད་པ་གསལ་པོ་འདུག དེར་བརྟེན་ང་ཚོ་བོད་མི་ཚང་མས་གཞིས་བཞུགས་བོད་མི་ཚོའི་ལུས་སེམས་ཀྱི་སྡུག་བསྔལ་མྱུར་དུ་ཞི་བ་དང་། བདེ་སྐྱིད་དང་ལྡན་པའི་འཚོ་བར་ལོངས་སུ་སྤྱོད་ཐུབ་པའི་སྨོན་ལམ་འདེབས་རྒྱུ་དང་། ལྷག་པར་རྒྱུད་སྟོད་གྲྭ་ཚང་ནས་མཁན་རིན་པོ་ཆེ་དང་དགེ་འདུན་རྣམས་ཚང་འཛོམས་ཐོག་རྐྱེན་འདས་སུ་གྱུར་བ་དང་། ཤུལ་ལུས་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེ་བསྔོ་སྨོན་རྒྱ་ཆེ་གནང་བ་དེ་དག་གི་མཐུ་ལ་བརྟེན་ནས་སྨོན་ལམ་འགྲུབ་པའི་སྨོན་འདུན་ཡོད། ཅེས་གསུང་བཤད་གནང་ཡོད། དེ་བཞིན་རྒྱུད་སྟོད་གྲྭ་ཚང་ནས་ཤུལ་ལུས་སྤུན་ཟླ་རྨས་སྐྱོན་ཕོག་པར་སྨན་བཅོས་དང་སྡོད་ཁང་གསར་སྐྲུན། དེ་བཞིན་འཚོ་གོས་སོགས་ཀྱི་ཆེད་ཞལ་འདེབས་ཧིན་སྒོར་ ༡༡༡༡༡༡། དང་། དགེ་འདུན་རྣམས་ནས་ཞལ་འདེབས་བསྡུ་རུབ་བྱས་པ་ཧིན་སྒོར་ ༤༥༠༠༠། རྣམས་ས་གནས་བདེ་དོན་བརྒྱུད་འབུལ་རྒྱུ་ཡིན་འདུག་པ་བཅས།