ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༢ ཉིན་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་འཁྲིད་སྲིད་སྐྱོང་དང་། ཁྲིམས་བཟོ་ལྷན་ཚོགས་སམ། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་རྣམས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བར་སོང་། རང་ཅག་འོས་ཆོས་ཚང་བའི་བོད་མི་ཡོངས་ནས་སྔོན་ཚུད་ནས་གྲ་སྒྲིག་དང་འོས་བསྡུའི་སྐབས་ཚང་མའི་ངེས་པར་དུ་ཆ་ཤས་ལེན་ཐུབ་པ་དང་། ལྷག་པར་རྒྱུན་དུ་རང་ཉིད་ཀྱི་ཁྱིམ་ཚང་གི་འཚོ་བའི་མདུན་ཐབས་སུ་མགོ་འཁོར་བ་མིན་པར་ད་ལྟའི་བོད་ཆགས་འཇིགས་ཀྱི་ཛ་དྲག་པའི་གནས་སྟངས་འདིར་བོད་མི་མི་རེ་ངོ་རེ་ནས་བོད་ཀྱི་ཆབ་སྲིད་གནས་སྟངས་ལ་དོ་སྣང་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་ཞིག་ལ་ངོས་འཛིན་ཐུབ་པའི་སླད་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༢ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ནས་ངོས་ལེན་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅུ་གཅིག་ཁོངས་ནས་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པ་ནས་གློ་སྒྲིག་དཔལ་འབྱོར་གླིང་བཀྲིས་ཕྱོགས་ལས་རྣམ་རྒྱལ་ཚོགས་ཁང་ཆེན་མོའི་ནང་བོད་མི་མང་སྤྱི་ཟུར་དང་གློ་སྒྲིག་བདེ་དོན་ཚོགས་པའི་དམིགས་བསལ་སློབ་སྟོན་པ་སྐུ་ངོ་ལི་ཐང་དབང་རྒྱལ་ལགས་དང་། སྤོག་ར་ཁུལ་གློ་སྒྲིག་གཞིས་ཁག་དང་བཀྲིས་དཔལ་འཁྱིལ། བཀྲིས་གླིང་བཅས་ཀྱི་ས་གནས་འོས་བསྡུའི་འགན་འཛིན་རྣམ་པ་གསུམ། གློ་སྒྲིག་ཁྱབ་ཁོངས་བྱམས་པ་གླིང་། དཔལ་འབྱོར་གླིང་། བཀྲིས་སྒང་གཞིས་ཆགས། དེ་བཞིན་བཀྲིས་དཔལ་འཁྱིལ་དང་བཀྲ་ཤིས་གླིང་གཞིས་ཆགས་བཅས་སུ་ཡོད་པའི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གསུམ་གཙོས་པའི་ས་འཐུས་རྣམ་པ། གཞིས་ཁག་བཞིའི་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཞིས་གཙོས་པའི་ཚོགས་འཐུས་རྣམ་པ། གཞིས་ཆགས་ཁག་ལྔའི་སྤྱི་མི་བརྒྱ་དཔོན་རྣམ་པ། གཞིས་ཆགས་ཁག་བཞིའི་ས་གནས་གཞོན་ནུའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པ། གཞིས་ཆགས་ཁག་གསུམ་གྱི་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པ། ས་གནས་མངའ་རི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པ། ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པ། དེ་བཞིན་སྤོག་ར་ཨེས་ཨོ་ཨེས་ལག་ཤེས་སྡེ་ཚན་གྱི་ངེས་སྟོན་པ་དང་། སློབ་ཁག་བཞིའི་སློབ་གྲྭའི་དགེ་ཆེ་རྣམ་པ། གོ་སྒྲིག་པ་གློ་སྒྲིག་བདེ་དོན་ཚོགས་པའི་ཚོགས་གཙོ་གཙོས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ལས་བྱེད་བཅས་ཁྱོན་མི་གྲངས་བརྒྱ་ཙམ་ལྷན་འཛོམས་ཀྱིས་ ༼མང་གཙོའི་འཕེལ་རིམ་ནང་གལ་ཆེ་ཤོས་ནི་མི་མང་གི་དབུ་འཁྲིད་མི་མང་གིས་འོས་འདེམས་བྱ་དགོས། སྲིད་སྐྱོང་དང་སྤྱི་འཐུས་འོས་འཕེན་ལ་མི་མང་ཚང་མས་མཉམ་ཞུགས་གནང་རྒྱུ་གལ་ཆེ་དང་། ཆབས་སྲིད་དང་འཛིན་སྐྱོང་ཐོག་ལ་ལངས་ཕྱོགས་ཇི་དགོས།༽ བརྗོད་གཞིའི་ཐོག་དགོངས་འཆར་བརྗེ་རེས་ཀྱི་འདུ་འཛོམས་ཞིག་གོ་སྒྲིག་ཞུས་སྐབས།
ཐོག་མར་གློ་སྒྲིག་བདེ་དོན་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས་ངོ་སྤྲོད་དང་སྦྲགས་དེ་རིང་གི་དགོངས་འཆར་བརྗེ་རེས་ཀྱི་འདུ་འཛོམས་གོ་སྒྲིག་བྱེད་དགོས་པའི་སྐོར་གསུང་བཤད་གནང་རྗེས། གོང་གི་བརྗོད་གཞིའི་སྐོར་ཐོག་མ་གློ་སྒྲིག་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྲི་བརྟན་ལགས་དང་། དེ་ནས་བཀྲིས་དཔལ་འཁྱིལ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་འཕྲིན་ལས་འོད་འབར་ལགས། བཀྲིས་གླིང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་བཟང་པོ་ལགས། ཨེས་ཨོ་ཨེས་ལག་ཤེས་སྡེ་ཚན་གྱི་ངེས་སྟོན་པ་རྡོ་རྗེ་དབང་རྒྱལ་ལགས་བཅས་ནས་རིམ་བཞིན་གཏམ་བཤད་གནང་རྗེས། ཚོགས་བཅར་བ་མི་ཉུང་བ་ནས་རང་རང་སོ་སོའི་དགོངས་འཆར་ལྷུག་པོ་བརྗེ་རེས་གནང་ཡོད་པ་དང་། ཚོགས་བཅར་བ་ཡོངས་ནས་དེ་རིང་འདུ་འཛོམས་འདི་བརྒྱུད་མང་ཚོགས་སུ་སེམས་འགུལ་དང་དོ་སྣང་ཆེན་པོ་ཞིག་བསླེབས་ཐུབ་རྒྱུ་དང་། ལྷག་པར་དུ་དེ་ལྟ་བུའི་གོ་སྒྲིག་གནང་བ་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་མ་འོངས་པར་ཡང་མུ་མཐུད་འདུ་འཛོམས་གནང་སྐྱོང་ཡོང་བའི་འབོད་བསྐུལ་གནང་། སྐབས་དེར་ཚོགས་བཅར་བ་ཡོངས་ལ་གོ་སྒྲིག་པ་གློ་སྒྲིག་བདེ་དོན་ཚོགས་པས་གསོལ་ཇ་དང་ཉིན་གུང་གསོལ་ཚིགས་ཕུལ་ཡོད་པ་དང་སྦྲགས་སྔ་དྲོ་ཕྱག་ཚོད་ ༩ ནས་ཉིན་རྒྱབ་ཕྱག་ཚོད་ ༢།༣༠ བར་ཚོགས་བཅར་བ་ཕལ་ཆེ་བས་མཉམ་ཞུགས་ཀྱིས་དགོངས་འཆར་ལྷུག་པོར་གནང་ཐུབ་ཡོད་པ་དེས་རིང་མིན་འོས་བསྡུ་ཆེན་མོའི་སྐབས་བོད་མི་མང་ཚོགས་ནས་སྔར་ལྷག་མཉམ་ཞུགས་དང་དོ་སྣང་ཆེན་པོ་གནང་ཐུབ་རྒྱུ་དང་། དེ་བཞིན་ཕྱི་ཟླ་ ༡༠ ནང་དུའང་ས་གནས་སོ་སོར་མང་ཚོགས་སར་དགོངས་འཆར་བརྗེ་རེས་ཀྱི་འདུ་འཛོམས་གོ་སྒྲིག་གནང་རྒྱུའི་ལས་འཆར་སྒྲིག་བཞིན་ཡོད་པ་བཅས། །