ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་ཐོག་འཕྲད་བཞིན་པའི་རྒྱལ་ཁབ་དང་མི་སེར་དབར་གྱི་དམག་འཁྲུག་དང་འཁོན་འཛིན་རྣམས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་གནང་རྒྱུ་གལ་ཆེ་ཡིན་པའི་བཀའ་སློབ་ལམ་སྟོན་ཕེབས་ཡོད།
དེ་ཡང་གོང་ཚེས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་ནང་མཛད་འཕྲིན་སྐྱོང་བཞིན་པ་དང་བསྟུན། བི་བི་སི་ BBC གསར་ཁང་གི་གསར་འགོད་པ་ས་ལི་ཝི་མེ་རི་ Clive Myrie ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ། འཛམ་གླིང་ཐོག་འཕྲད་བཞིན་པའི་དམག་འཁྲུག་དང་གཞུང་དམངས་གཉིས་དབར་གྱི་དཀའ་ངལ་སེལ་ཐབས་སྐོར་དང་། དེ་བཞིན་དེང་གི་དུས་སུ་ཡུ་རོབ་ནང་སྐྱབས་བཅོལ་བའི་གནས་སྟངས་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་ཕེབས་དོན། ཉེ་ལམ་སི་རི་ཡ་ Syria རྒྱལ་ཁབ་གཙོས་པའི་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་མུ་མཐུད་འཕྲད་བཞིན་པའི་དམག་འཁྲུག་དང་། མི་དམངས་དང་སྲིད་གཞུང་དབར་གྱི་འཁོན་འཛིན་རྣམས་འཚེ་བ་མེད་པའི་ཐབས་ལམ་ཁོ་ནས་སེལ་ཐབས་གནང་དགོས་པ་ལས་དམག་འཁྲུག་དང་སྟོབས་ཤུགས་ཐོག་ནས་དཀའ་ངལ་དེ་དག་སེལ་ཐབས་མེད་པ་མ་ཟད། དེ་ལྟར་བྱས་ཚེ་རིམ་བཞིན་འཁོན་འཛིན་དང་མི་དགའ་བའི་བསམ་བློ་རྒྱ་ཆེར་འཕེལ་ངེས་ཡིན་པའི་བཀའ་ལན་ཕེབས་ཡོད།
མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཚང་མའི་ཕུགས་ཀྱི་དམིགས་ཡུལ་དང་བསླབ་བྱ་གཙོ་བོ་ནི་བྱམས་བརྩེ་དང་བཟོད་བསྲན་ཡིན་སྟབས། དམག་འཁྲུག་གི་གནད་དོན་དེ་དག་ཆོས་ལུགས་བྱེ་བྲག་པ་གཅིག་ལ་ཁག་དཀྲི་བྱ་རྒྱུ་མེད་པ་མ་ཟད། དཀའ་ངལ་དེ་དག་གི་འབྱུང་གཞི་དཔལ་འབྱོར་དང་ཆབ་སྲིད་སོགས་ཕྱོགས་ཡོངས་ལ་དགོངས་པ་བཞེས་རྒྱུ་གལ་ཆེ་ཡིན་པའི་གཞེན་སྐུལ་བཀའ་སློབ་སྩལ་འདུག
བི་བི་སི་གསར་ཁང་གི་གསར་འགོད་པ་ས་ལི་ཝི་མེ་རི་ལགས་ཀྱིས་མགོན་པོ་གང་ཉིད་མཆོག་གི་མ་འོངས་པའི་ཡང་སྲིད་དང་འབྲེལ་བའི་སྐོར་ལ་བཀའ་དྲི་ཞུས་པར། ༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། དེ་ནི་གཙོ་བོ་བོད་མི་མང་རྣམས་ཀྱི་འདོད་པ་ཡོད་མེད་དང་། ཁོང་རྣམ་པའི་ཐག་གཅོད་ལ་རག་ལུས་ཡོད། གལ་ཏེ་མ་འོངས་པར་མགོན་པོ་གང་ཉིད་མཆོག་གི་ཡང་སྲིད་མུ་མཐུད་ཕེབས་དགོས་པ་བྱུང་ཚེ། བུད་མེད་ཀྱི་ལུས་རྟེན་ཐོག་ཕེབས་སྲིད་པའང་ཡིན། དེ་ཡང་བུད་མེད་རྣམས་རང་བཞིན་ལྷན་སྐྱེས་སུ་སྙིང་རྗེ་དང་། བྱམས་བརྩེའི་བསམ་པ་ཤུགས་ཆེ་བ་ཡོད་པས་གོ་ལ་འདིའི་ཐོག་འཕྲད་བཞིན་པའི་དཀའ་རྙོག་ཁག་སེལ་རྒྱུར་དགེ་མཚན་ཆེ་བ་ཡོད་སྐོར་བཀའ་ལན་དང་། གཞན་ཡང་༸གོང་ས་མཆོག་གིས་དེང་སྐབས་རྒྱ་རིགས་མང་པོ་ཞིག་གིས་བོད་དོན་ལ་དོ་སྣང་སྔར་ལྷག་གནང་གི་ཡོད་པ་མ་ཟད། ལྷག་དོན་རྒྱ་རིགས་ཤེས་ཡོན་ཅན་ཚོས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་དེ་དག་ལ་སྐྱོན་བརྗོད་དང་སྦྲགས་མགོན་པོ་གང་ཉིད་མཆོག་ལ་བཟོད་གསོལ་ཞུ་མཁན་ཡང་མང་པོ་ཡོང་བཞིན་ཡོད་པ་དེ་དག་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནུས་པ་ཐོན་པ་ཞིག་ཡིན་སྐོར་བཀའ་ལན་ཕེབས་ཡོད།
དེ་རྗེས་༸གོང་ས་མཆོག་གིས་རྒྱ་གར་བ་ཚོགས་པ་ཁག་གཅིག་དང་མཇལ་འཕྲད་མཛད་དེ་ཁོང་རྣམ་པར་ཕེབས་བསུ་དང་སྦྲགས་ངོས་རང་གང་དུ་བསྐྱོད་ཀྱང་རྒྱ་གར་གྱི་རིག་པའི་གཞུང་ལུགས་ཏེ་འཚེ་བ་མེད་པ་དང་། ཆོས་ལུགས་མཐུན་སྒྲིལ་སྐོར་གྱི་བརྡ་ལན་སྤྲོད་བཞིན་ཡོད། ཅེས་དང་། ཡང་སྐབས་དེར་རྒྱ་གར་བ་ཚོང་དོན་འགོ་ཁྲིད་དང་ཆབ་སྲིད་མི་སྣ་གྲངས་ ༡༠༠ སྐོར་ཞིག་བཅར་ཡོད་པ་རྣམས་གསུང་མོལ་མཛད་ཡོད། དེ་ཡང་༸གོང་ས་མཆོག་གིས་ཧིན་དུ་དང་ནང་པ། ཇེན་བཅས་ཀྱི་ཆོས་ལུགས་དེ་དག་གིས་བཟང་སྤྱོད་སྐོར་ཉམས་ལེན་བྱེད་པ་གཅིག་མཚུངས་ཡིན་སྐོར་དང་། གཞན་ཡང་མགོན་པོ་གང་ཉིད་མཆོག་ནི་རྒྱ་གར་གྱི་བུ་ཞིག་ཡིན། གང་ལགས་བརྗོད་ན་སེམས་ནང་དཔལ་ནཱ་ལེནྜའི་ཤེས་བྱ་དང་། ཕྱིའི་སྐུ་གཟུགས་རྒྱ་གར་གྱི་འབྲས་དང་སྲན་ཐུག་གི་འཚོ་བཅུད་ཀྱི་གསོས་ཡོད། ཅེས་སོགས་བཀའ་སློབ་སྩལ་འདུག
ཉིན་དེའི་ཕྱེད་ཡོལ་སྐུ་སྐྱེས་མ་མོ་ཧེ་ནེ་ཀིན་ཏ་ནུན་ལགས་དང་ཧིན་དུ་ཇ་ཐེབས་རྩ་ཚོགས་པ་ Lady Mohini Kent Noon and the Hinduja Foundation ནས་གསོལ་འདེབས་ཞུས་དོན་ལྟར་ Coliseum Theatre ཞེས་པའི་ཚོགས་ཁང་ཆེན་མོའི་ནང་ཆིབས་སྒྱུར་བསྐྱངས་ཏེ་མི་གྲངས་ ༢༣༠༠ བརྒལ་བར་འཚེ་མེད་ཞི་བ་དང་། རྒྱ་གར་གྱི་ཉི་མོ་ཞེས་པའི་དུས་སྟོན་སྲུང་རྩིའི་ཐོག་བཀའ་སློབ་སྩལ་ཡོད།
དེ་ཡང་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། བརྩེ་བའི་གཅེན་གཅུང་རྣམ་པར་ཞུ་རྒྱུར། ང་ཚོ་འགྲོ་བ་མིའི་རིགས་རྣམས་ཚང་མ་གཅིག་མཚུངས་ཡིན། ང་ཚོ་ཚང་མ་སེམས་ཚོར་དང་གཟུགས་གཞིའི་ཆ་ནས་གཅིག་མཚུངས་ཡིན། ང་ཚོ་ཚང་མས་ཆགས་འཇིག་གཉིས་ཀྱི་ཐོག་འཚོར་བའི་ཉམས་མྱོང་བསགས་ཡོད། འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་བྱམས་བརྩེ་ཡིན། བྱམས་བརྩེས་མི་མང་མཉམ་དུ་འདུ་ཐུབ་པ་ཡིན། ང་ཚོས་ཉིན་རེའི་འཚོ་བའི་ཁྲོད་མི་གཞན་གྱིས་རང་ཉིད་ལ་དགའ་བའི་རྣམ་འགྱུར་བསྟན་ཚེ་རང་ཉིད་ལའང་སྤྲོ་སྣང་འཕེལ་གྱི་ཡོད། གལ་ཏེ་ཁོང་ཚོས་ཁྲོ་གཉེར་བསྟན་ཚེ་ང་ཚོ་མི་བདེ་བར་གྱུར་གྱི་ཡོད། འདིས་གང་ཞིག་སྟོན་གྱི་ཡོད་དམ་བརྗོད་ན་ང་ཚོར་མཛའ་གྲོགས་དགོས་པ་བསྟན་ཡོད།
མཛའ་གྲོགས་ནི་སྙན་གྲགས་དང་། ལུས་པོའི་སྟོབས་ཤུགས། རྒྱུ་དངོས་ལ་རག་ལུས་མེད། དེ་ནི་ཡིད་ཆེས་ལ་ཐུག་ཡོད། ཡིད་ཆེས་ནི་བྱམས་བརྩེ་དང་དུངས་སེམས་ལ་རག་ལུས་ཡོད། དེར་བརྟེན་གལ་ཏེ་ང་ཚོས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱལ་འདོད་ན་བྱམས་བརྩེ་དང་དུངས་སེམས་ནི་གལ་ཆེན་པོ་ཆགས་ཡོད། མི་ཚེའི་དོན་སྙིང་ནི་བདེ་སྐྱིད་དང་དགའ་སྤྲོ་ལྡན་པ་ཞིག་ལ་བརྗོད་པ་ཡིན། ཞེས་དང་། དེ་བཞིན་དཀའ་ངལ་མང་པོ་ཞིག་ང་ཚོ་རང་ངོས་ནས་བཟོ་བཞིན་ཡོད་པས་དེ་དག་ཤེས་པའི་ཐོག་ནས་ཕན་ཚུན་རོགས་རེས་བྱེད་དགོས་པའི་སྐོར་དང་། དེ་བཞིན་༸གོང་ས་མཆོག་གི་སྐུའི་རླབས་ཆེན་མཛད་ཁུར་གསུམ་སྐོར་སོགས་ཀྱི་བཀའ་སློབ་ལམ་སྟོན་རྒྱ་ཆེ་སྩལ་བར་དེར་འདུས་མི་མང་རྣམས་ཀྱིས་ཧ་ཅང་བློ་ཡིད་ཚིམས་པའི་རྣམ་འགྱུར་གསལ་སྟོན་གྱི་དགའ་བསུ་རྒྱ་ཆེ་ཞུས་ཡོད། དེ་རྗེས་དྲི་བ་ཁག་གཅིག་ཕུལ་བར་བཀའ་ལན་སྩལ་ཡོད་པ་བཅས།།