༢༠༡༥ ཟླ་ ༩ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཇ་ལན་དྷར་དུ་རྟེན་གཞི་བྱས་པའི་ལབ་ལི་གཙུག་ལག་སློབ་ཁང་དང་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༡ ནས་ ༡༣ བར་གཏན་ཉིན་སློབ་གྲྭ་ཁག་གི་འགན་འཛིན་རྣམས་ལ་ཟབ་སྦྱོང་དང་ཚོགས་འདུ་གོ་སྒྲིག་ཞུས། ཟབ་སྦྱོང་འདིར་སློབ་གྲྭ་ཁག་ ༣༤ ནས་ཚོགས་བཅར་བ་གྲངས་ ༣༥ ནས་ཚོགས་ཞུགས་གནང་ཡོད། ཟབ་སྦྱོང་སྐབས་གཙོ་བོ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དང་ལྟ་ཕྱོགས་ལ་འགྱུར་བ་འགྲོ་བཞིན་པར་ཐུགས་སྣང་དང་། ཤེས་ཡོན་སྤུས་ཚད་གོང་མཐོར་གཏོང་ཕྱོགས་ཀྱི་གལ་གནད། འགན་འཛིན་གྱི་ལས་དོན་ཚགས་ཚུད་ཡོང་ཐབས། འཛིན་ཁང་སྟངས་འཛིན། ལས་དོན་རྟོག་ཞིབ་གནང་ཕྱོགས་བཅས་ཀྱི་སྐོར་མཁས་དབང་དུ་མས་བྱེད་སྒོའི་ལམ་ནས་སློབ་ཁྲིད་ཟབ་ཅིང་རྒྱས་པ་གནང་ཡོད་པ་མ་ཟད། འགན་འཛིན་རྣམས་ཀྱི་ལྷན་དུ་དྲི་བ་དྲིས་ལན་སོགས་ཀྱི་གོ་སྐབས་བརྒྱུད་གཏན་ཉིན་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པར་བློ་བསྐྱེད་ཆེན་པོ་བྱུང་ཡོད།
ཕྱི་ཚེས་ ༡༣ ཉིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚད་གོང་མཐོར་གཏོང་ཐབས་དང་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་བཅས་ཀྱི་སྐོར་ནང་ཁུལ་ཚོགས་འདུ་ཞིག་གོ་སྒྲིག་ཞུས། ཚོགས་འདུའི་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་དབུས་པའི་ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱལ་ལགས་དང་། ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་ཟུང་དྲུང་འཆི་མེད་ཚེ་དབྱངས་ལགས། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་བཅས་ཚོགས་ཞུགས་གནང་ཡོད། དང་ཐོག་ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱལ་ལགས་ཀྱིས་ཚོགས་འདུའི་དམིགས་ཡུལ་ངོ་སྤྲོད་གནང་དོན་དུ། ཤེས་རིག་ལས་ཁུངས་ཀྱིས་འདས་པའི་ལོ་ཤས་ནས་ཤེས་ཡོན་དང་འབྲེལ་བའི་ལས་གཞི་མང་པོ་ཞིག་སྤེལ་བའི་ནང་ནས་གཙོ་བོ་གཞི་རིམ་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་ཐབས་དེ་ཆགས་ཡོད། དེས་ན་རང་རེའི་སློབ་གྲྭ་ཁག་ནང་ཕྱིའི་ཤེས་བྱ་རིག་གནས་ཀྱི་མཉམ་དུ་ནང་གི་བཟང་སྤྱོད་ཀྱི་སློབ་གསོ་ཡང་དོ་མཉམ་དུ་འགྲོ་ཐུབ་པ་ཞིག་དགོས་པ་མ་ཟད། མ་འོངས་པར་ང་ཚོའི་ན་གཞོན་ཚོ་བོད་མི་རིགས་ཀྱི་འགན་ཁུར་ཕྲག་ཏུ་འཁུར་ཐུབ་པའི་གཞོན་སྐྱེས་ཤེས་སྤྱོད་གཉིས་ལྡན་ཞིག་བཟོ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་བཅས་གསུངས།
དེ་ནས་ཤེས་རིག་བཀའ་བློན་མཆོག་ནས་གཞི་རིམ་གྱི་ཤེས་ཡོན་གལ་ཆེན་པོ་ཡིན་པའི་སྐོར་ནན་ཏན་དུ་གསུངས་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་དང་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པའི་ལས་གནས་མི་འདྲ་ཡང་། ཕུགས་ཀྱི་དམིགས་ཡུལ་ནི་རང་རེའི་བོད་ཕྲུག་ཚོ་བཟང་སྤྱོད་དང་ལྡན་པའི་ཤེས་ཡོན་ཅན་ཞིག་བཟོ་ཐབས་བྱ་རྒྱུ་ཁོ་ན་ཡིན་སྟབས་ཚང་མས་ཕྱར་བ་གྲུ་འདེགས་གནང་དགོས་སྐོར་གསུངས། གཞན་ཡང་ཚོགས་འདུའི་ཉིན་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ནས་ཤེས་ཡོན་སྲིད་བྱུས་སྐོར་དང་། སུ་ཇ་བོད་ཁྱིམ་གྱི་ཨིན་དགེ་བསྟན་འཛིན་དར་རྒྱས་ལགས་ནས་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་གཏོང་ཕྱོགས་དང་། ཉེ་སྔོན་ཁེ་ན་ཌའི་ཤེས་ཡོན་སློབ་སྟོན་མཁས་དབང་འབུམ་རམས་པ་མ་ཊི་ལགས་ཀྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་ལམ་ལུགས་ཞིབ་འཇུག་གནང་བའི་ངོ་སྤྲོད་གནང་ཡོད་པ་མ་ཟད། འགན་འཛིན་ནང་ཁུལ་སློབ་གྲྭ་སོ་སོར་དགེ་རྒན་ཆེད་ལས་ཡར་རྒྱས་གཏོང་ཕྱོགས་དང་སློབ་ཕྲུག་གི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་གནད་དོན་དུ་མའི་ཐོག་བསམ་ཚུལ་བརྗེ་རེས་གང་ལེགས་བྱུང་ཡོད།
ཕྱི་ཚེས་ ༡༣ གྱི་ཉིན་རྒྱབ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དེ་གར་ཕྱོགས་ཕེབས་སྐབས་དམིགས་བསལ་དུས་ཚོད་ཟུར་བཏོན་གྱིས་དེ་གའི་གཙུག་ལག་སློབ་ཁང་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་ཕྲུག་སུམ་ཅུ་ལྷག་མཇལ་འཕྲད་གནང་སྟེ། སློབ་ཕྲུག་རྣམས་གཙུག་ལག་སློབ་ཁང་འདིར་འཛུལ་ཞུགས་བྱས་པའི་ཐོག་མའི་དམིགས་ཡུལ་དྲན་སྐུལ་དང་སྦྲགས་རྒྱུན་དུ་དམིགས་ཡུལ་དེ་ཉིད་སེམས་བཅངས་ཐོག་སོ་སོའི་སློབ་སྦྱོང་ལ་དོན་གཉེར་མཐར་ཕྱིན་གནང་དགོས་སྐོར་གསུངས་ཡོད་པ་མ་ཟད། སྐུ་ངོ་བཀའ་བློན་མཆོག་ནས་སློབ་ཕྲུག་རྣམས་ལ་བོད་རིགས་སློབ་ཕྲུག་ཚོགས་པ་གསར་འཛུགས་ཀྱིས། མ་འོངས་པར་བོད་རིགས་སློབ་ཕྲུག་གསར་པ་སློབ་འཇུག་སྐབས་རམ་འདེགས་བསྒྲུབ་རྒྱུས་མཚོན། བོད་རིགས་སློབ་ཕྲུག་ནང་ཁུལ་གྱི་ཆིག་སྒྲིལ་མངོན་ཐབས་དང་། དེ་མིན་གཙུག་ལག་སློབ་ཁང་གི་གཞུང་འབྲེལ་མཛད་སྒོ་སོགས་ཀྱི་སྐབས་སུ་བོད་ཀྱི་ཐུན་མིན་རིག་གཞུང་འཁྲབ་སྟོན་གྱིས་མི་རིགས་གཞན་པའི་དགེ་སློབ་ཁྲོད་བོད་ཀྱི་རྩ་ཆེའི་རིག་གཞུང་ངོ་སྤྲོད་ཐུབ་ཐབས་དགོས་གལ་སོགས་ཀྱི་སྐོར་བཀའ་སློབ་ལམ་སྟོན་གནང་ཡོད།