ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་༸ཞབས་སོར་འཁོད་བསྟུན། ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མག་དའ་ལན་ Magdalen College མཐོ་སློབ་ཀྱི་ཐང་ཆེན་དུ་གཟིགས་ཞིབ་མཛད་པ་དང་ཕྱོགས་མཚུངས། མགོན་པོ་གང་ཉིད་མཆོག་གིས་མཐོ་སློབ་དེའི་སྐྱེད་ཚལ་ནང་ཤིང་སྣ་འདེབས་འཛུགས་མཛད་རྒྱུ་ཐུགས་མཉེས་པོ་མཛད་ཡོད། དེ་རྗེས་མཐོ་སློབ་ཀྱི་ཚོགས་ཁང་ནང་གསར་འགོད་པ་རྣམས་ལ་མཇལ་འཕྲད་ཀྱིས་མགོན་པོ་གང་ཉིད་མཆོག་འཛམ་གླིང་ཡུལ་གྲུ་གང་ཞིག་ཏུ་ཆིབས་སྒྱུར་བསྐྱངས་སྐབས་སྐུ་ཚེ་ཧྲིལ་པོའི་མཛད་ཁུར་དམ་བཅའ་གསུམ་སྐོར་ངོ་སྤྲོད་མཛད་དོན། དང་པོ། ངོས་ནི་འཛམ་གླིང་འདིའི་ནང་འཚོ་བཞིན་པའི་འགྲོ་བ་མི་ཐེར་འབུམ་བདུན་ནང་གི་མི་ཞིག་ཡིན། ང་ཚོ་ཚང་མར་དཀའ་ངལ་ཡོད། དཀའ་ངལ་མང་པོ་ཞིག་ང་རང་ཚོ་མིས་བཟོས་ཀྱི་ཡོད་པ་དང་། དཀའ་ངལ་མིས་བཟོས་པ་བཞིན་དཀའ་ངལ་དེ་དག་སེལ་བའི་ནུས་པའང་ང་ཚོ་མིར་ཡོད།
ངོས་རང་ནས་མཚམས་རེ་ང་ཚོ་འགྲོ་བ་མི་ཞེས་པ་དེ་ཕྲུ་གུ་ཆུང་ཆུང་གི་སྣང་བ་བཞིན། བསམ་བློའི་ནང་གང་ཡོད་པ་དེ་དག་གསང་པོར་བཤད་པ་དང་། མི་གཞན་གྱི་གང་ལབ་པ་དེ་དག་ཀྱང་ཁས་ལེན་བྱེད་པ་ཞིག་བྱུང་ན་བསམ་གྱི་ཡོད། ཡིན་ནའང་ང་ཚོས་དེ་འདྲ་བྱེད་རྒྱུའི་ཚབ་ལ་སོ་སོ་རང་ཉིད་འཚར་ལོངས་རྒྱས་སྐབས་སོ་སོ་མི་ཞིག་ཡིན་པའི་མིའི་ལྷན་སྐྱེས་ཀྱི་རང་བཞིན་དང་། འགྲོ་བ་མིའི་གཞི་རྩའི་རིན་ཐང་གང་ཡིན་པ་དེ་རང་ཉིད་ཀྱི་རྒྱུད་ལ་འཇུག་མ་ཐུབ་པའི་ཁར། འགྲོ་བ་མི་གཅིག་གྱུར་ཡིན་པའི་བསམ་བློའི་རྨང་གཞི་ལས་བརྒལ་ནས་རིམ་པ་གཉིས་པ་སྟེ་ང་ཚོ་དང་ཁོང་ཚོ་ཞེས་ཁྱད་པར་ཕྱེ་ནས་སྡོད་ཀྱི་འདུག དཀའ་ངལ་དེ་དག་ནི་སོ་སོའི་རྣམ་དཔྱོད་དང་སློབ་སྦྱོང་གི་ཐོག་ནས་སེལ་ཐུབ་པ་ཞིག་ཡིན་པ་ལས་སྨོན་ལམ་བརྒྱབ་ཏེ་སེལ་མི་ཐུབ། ང་ཚོས་རང་ཉིད་མི་བདེ་བར་བྱེད་པའི་རྒྱུ་ཁོང་ཁྲོ་དང་འདོད་ཆགས་ཡིན་པ་དང་། སྡུག་བསྔལ་གྱི་གཉེན་པོ་བྱམས་བརྩེའི་བློ་ཡིན་པ་དེ་གཉིས་ཀྱི་ཁྱད་པར་ཤེས་པ་བྱ་རྒྱུ་ནི་རང་ཉིད་ཞི་བར་གནས་པའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཆགས་ཡོད། གཉིས་པ། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་བཤད་ན། ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་ཐོག་འབད་བརྩོན་བྱེད་བཞིན་ཡོད། ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་དེ་བཞིན་རྒྱ་གར་ནང་ཆོས་ལུགས་ཕལ་མོ་ཆེ་མཉམ་གནས་ཀྱི་མཐུན་སྒྲིལ་སྒོ་ནས་འཚར་ལོངས་བྱུང་བ་དེར་དཔེ་བཞག་སྟེ་ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་འབད་བརྩོན་བྱེད་བཞིན་ཡོད། དེང་སྐབས་ཆོས་ལུགས་ཕན་ཚུན་མི་མཐུན་པའི་གླེང་གཞི་བྱུང་བའི་དཀའ་ངལ་ཡོང་མི་སྲིད་པ་ཞིག་རེད། གང་ལ་ཟེར་ན་ཆོས་ལུགས་ཚང་མས་ང་ཚོར་བྱམས་བརྩེ་དང་། བཟོད་སྲན། ཆོག་ཤེས་བྱ་དགོས་པ་སོགས་ཀྱི་བསླབ་བྱ་གཅིག་མཚུངས་གནང་གི་ཡོད། བསླབ་བྱ་དེ་དག་ནི་ང་ཚོའི་ཉིན་རེའི་མི་ཚེའི་འཚོ་བའི་ནང་དངོས་སུ་འབྲེལ་བ་ཡོད་པ་ཞིག་ཡིན། གསུམ་པ། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་ཚོས་ངོས་ལ་ཡིད་ཆེས་དང་རེ་བ་ཆེན་པོ་བྱེད་པ་བཞིན། ངོས་ཀྱི་མི་ཚེའི་ནང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དང་། ཁོར་ཡུག་སྲུང་སྐྱོབ་དེ་བཞིན་བྱམས་བརྩེའི་ཐོག་ནས་སྲུང་སྐྱོབ་བྱ་རྒྱུ་ནི། ནང་པའི་འཚེ་བ་མེད་པའི་རིག་གཞུང་ངོ་མ་དེ་ཆགས་ཡོད།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པའི་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་དོན། དེང་སྐབས་ཡུ་རོབ་ནང་སྐྱབས་བཅོལ་ཡོང་མི་རྣམས་ལ་ཁ་ཚ་དགོས་གཏུག་གིས་སེམས་འཁུར་ཆེན་པོས་རོགས་རམ་གནང་བ་འདིར་ངོས་ཀྱིས་བསྔགས་བརྗོད་ཞུ་གི་ཡོད། ང་ཚོས་འབད་བརྩོན་བྱ་དགོས་པ་ནི་སྐྱབས་བཅོལ་དུ་ཡོང་མི་རྣམས་ཀྱི་རྒྱལ་ཁབ་ནང་མི་གསོད་དང་འཐབ་འཛིང་དེ་དག་མི་ཡོང་བར་ཞི་བའི་ཐོག་འབད་བརྩོན་བྱ་དགོས་པ་ཡིན། སྐྱབས་བཅོལ་དུ་གྱར་བའི་མི་དེ་དག་རྒྱལ་ཁབ་ནང་དྲག་ཤུགས་ལ་བརྟེན་ནས་མཐར་སྐྱབས་བཅོལ་དུ་ཡོང་དགོས་པ་ཆགས་ཡོད། དམག་ཤུགས་ཀྱི་ཐོག་ནས་མིའི་དཀའ་ངལ་སེལ་མི་ཐུབ། ནུབ་ཕྱོགས་ཀྱི་དཔལ་ཡོན་དང་ཁ་ཆེ་བ་རྣམས་ནོར་འཁྲུལ་ཡིན་པ་སོགས་ཀྱི་འཁྲུག་འཛིངས་ཤོར་གྱི་ཡོད། ངོས་ཀྱི་ངོ་ཤེས་ཡིན་པ་ཁ་ཆེའི་ཆོས་པ་ཞིག་གིས་གསུང་དོན། ཁ་ཆེའི་ཆོས་པ་ཡང་དག་པ་ཞིག་ཡིན་ཕྱིན་མི་གསོད་ཁྲག་སྦྱོར་གྱི་བྱ་བ་དེ་འདྲ་རིགས་ནམ་ཡང་སྤེལ་གྱི་མ་རེད། དེ་ལས་ལྡོག་ཏེ་སེམས་ཅན་ཀུན་ལ་དཀོན་མཆོག་གིས་གུས་བརྩི་ཞུ་གི་ཡོད། ཅེས་གསུང་བྱུང་། ཞེས་སོགས་ཀྱི་གསར་འགོད་པ་རྣམས་ཀྱི་དྲི་བར་བཀའ་ལན་སྩལ་འདུག །
དེ་རྗེས་ཁུལ་དེའི་སློབ་གྲྭ་གསུམ་གྱི་སློབ་ཕྲུག་ཁྱོན་བསྡོམས་ ༢༠༠ ཙམ་ལ་བཀའ་སློབ་སྩལ་དོན། ལོ་ཆུང་སྤུན་ཟླ་ཕོ་མོ་རྣམ་པ་ཚོ། དུས་ཚོད་ནི་འགྲོ་བཞིན་ཡོད། ང་ཚོས་འདས་པར་བཟོ་བཅོས་བརྒྱབ་མི་ཐུབ། འོན་ཀྱང་མ་འོངས་པ་དེ་འབྱུང་འགྱུར་སོང་བར་བརྟེན་གང་འདྲ་ཞིག་བཟོ་ཡིན་ང་ཚོའི་ལག་ཏུ་ཡོད། ངོས་ཀྱི་མི་ཐོག་གི་དུས་རབས་དེ་དཀའ་ངལ་མང་པོ་ཞིག་བརྒྱུད་དེ་ཕྱིན་ཚར་བ་རེད། འབྱུང་འགྱུར་དཀའ་ངལ་དེ་ལྟ་བུ་ཞིག་དགོས་དང་མ་དགོས་ཁྱེད་རང་ཚོར་རག་ལུས་ཡོད། ཁྱེད་ཚོ་ནི་མ་འོངས་པའི་ས་བོན་ཡིན། ཕལ་ཆེར་དུས་རབས་ཉི་ཤུ་རྩ་གཅིག་འདི་བཞིན་བདེ་སྐྱིད་ལྡན་པ་དང་ཞི་བདེ་ལྡན་པའི་ངང་མཇུག་སྒྲིལ་སྲིད། ང་ཚོས་ང་དང་ཁྱོད་ཅེས་བར་མཚམས་ཀྱི་བསམ་བློ་དེ་དོར་བའི་སྒོ་ནས་གཅིག་ལ་གཅིག་རྟེན་གྱི་བསམ་བློ་དེའི་སྒང་ནས་ང་ཚོ་འགྲོ་བ་མི་ཡོངས་རྫོགས་ཁྱིམ་ཚང་ཆེན་པོ་གཅིག་གི་ནང་མི་ཡིན་པའི་བསམ་བློ་ངེས་པར་དུ་ཡིད་ལ་བཅང་དགོས་པ་ཡིན།
དམག་འཐབ་སྤོང་བ་དང་གོ་མཚོན་བཀག་འགོག་བྱ་རྒྱུ་ནི་རྨི་ལམ་ལྟ་བུ་ཞིག་མཐོང་གི་ཡོད་ཀྱང་། རང་ཉིད་ངོས་ནས་འཛམ་གླིང་འདི་བཞིན་དངོས་གནས་ཞི་བདེ་ལྡན་པ་ཞིག་དང་། བདེ་སྐྱིད་ལྡན་པ་ཞིག་ཡོང་བར་འབད་བརྩོན་བྱ་དགོས། ཞེས་བཀའ་སློབ་སྩལ་གྲུབ་མཚམས་སློབ་ཕྲུག་སྡེ་ཚན་གསུམ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉེ་ཆར་སི་རི་ཡའི་སྐྱབས་བཅོལ་བའི་གནས་སྟངས་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པ་བཞིན་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། སྐྱབས་བཅོལ་བ་དེ་དག་གི་དཀའ་ངལ་ཐོག་སེམས་ཁུར་ཆེན་པོས་རོགས་རམ་གནང་བ་ནི་བསྔགས་བརྗོད་ཞུ་རྒྱུ་དང་། སྐྱབས་བཅོལ་བ་དེ་དག་གི་ཆེད་དུ་ཕུགས་རྒྱང་རིང་པོར་ཕན་པའི་ཤེས་ཡོན་དང་། ལས་ཀ བཅས་ལག་ལེན་དངོས་སུ་རོགས་སྐྱོར་གནང་རྒྱུ་ནི་ཧ་ཅང་དགོས་མཁོ་ཆེ་ཤོས་ཆགས་ཡོད། དེ་ལས་ཀྱང་གལ་གནད་ཆེ་བ་ནི་ད་ལྟ་ཁོང་རྣམས་སྐྱབས་བཅོལ་དུ་གནས་ཡོད་སྟབས། ཁོང་ཚོའི་རྒྱལ་ཁབ་ནང་དཀའ་ངལ་དེ་ཉིད་མགྱོགས་མྱུར་སེལ་ཐབས་ཀྱི་རོགས་སྐྱོར་བྱ་དགོས་པ་ཡིན། ཞེས་བཀའ་ལན་སྩལ་ཡོད།
དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་མག་དའ་ལེན་ Magdalen College ཏཱ་ལའི་བླ་མའི་བྱམས་བརྩེ་བསྟི་གནས་ཁང་དུ་༸ཞབས་སོར་འཁོད་དེ་བཀའ་སློབ་སྩལ་དོན། དུས་རབས་ཉི་ཤུ་རྩ་གཅིག་པའི་འགོ་སྟོད་དུ་བསམ་བློ་རྙིང་པའི་རྨང་གཞིའི་ཐོག་ནས་མིའི་བཟོས་པའི་དཀའ་ངལ་མང་པོ་ཞིག་འཕྲད་ཡོད། གང་ལྟར་ང་ཚོ་འགྲོ་བ་མི་ཡོངས་རྫོགས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་ཤེས་དགོས་ཀྱི་འདུག བསམ་བློའི་ནང་དེ་འདྲ་ཞིག་ཤེས་པར་བྱེད་པ་ལ་ཤེས་ཡོན་གྱི་ཐོག་ནས་གོ་རྟོགས་བསྐྲུན་སྟེ་ཧ་གོ་ཐུབ་པ་ཞིག་བཟོ་དགོས། སྡུག་བསྔལ་སེལ་བར་སྨན་ཟས་སྟེ་སྡུག་བསྔལ་མེད་པ་ཆགས་མི་སྲིད། སྡུག་བསྔལ་དོར་དགོས་ན་ནང་བསམ་བློའི་ཐོག་ནས་དངོས་ཡོད་གནས་ཚུལ་དང་རན་པ་ཞིག་གི་ཐོག་ནས་སྡུག་བསྔལ་སེལ་དགོས་པ་ཡིན། བོད་ཀྱི་སངས་རྒྱས་པའི་ཆོས་ལ་སྡེ་ཚན་གསུམ་ལ་དབྱེ་བ་བཞིན་དང་པོ་ནང་པའི་ཆོས། དེ་ནི་ནང་པ་སངས་རྒྱས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་དང་།་གཉིས་པ་ནང་པའི་བལྟ་གྲུབ་དང་གསུམ་པ་ནང་པའི་ཚན་རིག་གཉིས་ནི་ཤེས་ཡོན་སྡེ་ཚན་གྱི་ཁོངས་སུ་མི་སུ་འདྲ་ཞིག་གིས་ཀྱང་སློབ་གཉེར་བྱ་ཆོག་པ་ཞིག་ཡིན། ཞེས་བཀའ་སློབ་སྩལ།
ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་ཨོག་སེ་ཕོཊ་གཙུག་ལག་སློབ་གཉེར་ཁང་ནང་ཡོད་པའི་བོད་ཡིག་སྡེ་ཚན་ Oxford Tibetan Studies Department ནང་ཆིབས་སྒྱུར་བསྐྱངས་ཐོག་བོད་ཡིག་ཚན་པའི་ཚོགས་མི་ཁག་ལ་མཇལ་འཕྲད་ཀྱིས་བཀའ་སློབ་སྩལ་དོན། བོད་ནང་ནང་ཆོས་དར་སྤེལ་བྱུང་བ་འདི་ནི་དངོས་འབྲེལ་གྱི་དགེ་ཚན་ཆེན་པོ་བྱུང་ཡོད། བྱམས་སྙིང་རྗེའི་བསམ་བློའི་རིག་གཞུང་ངོ་མ་ཞིག་བོད་པར་ཡོད་པའི་རྟགས་མཚན་ནི་དེ་སྔོན་ཨ་རིའི་ནང་གནས་སྡོད་བོད་རིགས་ཤིག་གིས་ཚལ་ཤིང་ནང་སྲིན་བུ་ཡོད་པ་རྣམས་ལག་པས་བསྒྲུགས་ཏེ་ཟུར་དུ་འཇོག་པ་དེའི་ཐོག་ནས་སྙིང་རྗེའི་བསམ་པ་ཞིག་ཡོད་པ་ནི་ནང་ཆོས་ཀྱི་ཕན་པ་བསྐྲུན་པ་ཞིག་ཡིན། དེ་བཞིན་ད་ལྟ་ཡིན་ནའང་བོད་པའི་རིན་ཐང་ཆེ་བའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱེད་བཞིན་ཡོད། ཅེས་བཀའ་སློབ་སྩལ་ཡོད། ཉིན་དེའི་མཛད་འཆར་མཐའ་མར་གང་ཉིད་མཆོག་གི་གྲོགས་པོ་ཨེ་ལེག་སེ་ནོར་མན་ Alex Norman ལགས་དང་མཇལ་འཕྲད་ཀྱིས་གང་ཉིད་ཀྱི་སྐུ་ཚེའི་ཐུགས་མྱོང་གང་དང་གང་བྱུང་བ་རྣམས་རིམ་བཞིན་ཁོང་ལ་གསུང་མོལ་མཛད་ཡོད་འདུག །