༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་ཕྱི་ཚེས་ ༡༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་འགྲོའི་ཐོག་ག་གྷལ་གནམ་ཐང་བརྒྱུད་ལྡི་ལི་དང་། དེ་ནས་དབྱིན་ཡུལ་དུ་ཕྱི་ཚེས་ ༡༣ ནས་ ༢༢ བར་ཉིན་གྲངས་བཅུའི་རིང་མཛད་འཆར་བསྐྱང་ཆེད་ཆིབས་སྒྱུར་བསྐྱངས་ཡོད། ཐེངས་འདིར་༸གོང་ས་མཆོག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་མཚན་སྙན་གྲགས་ཆེ་བའི་ཀེམ་བྷི་རིཇ་(Cambridge University)གཙུག་ལག་སློབ་གཉེར་ཁང་དུ་ཤེས་ཡོན་དང་འབྲེལ་བའི་སྐོར་གྱི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ལྷན་ཞུགས་མཛད་རྒྱུ་དང་། ལྷན་ཚོགས་ཐོག་དབྱིན་ཡུལ་གྱི་ཆོས་དཔོན་དང་། ཚན་རིག་པ། སྙན་ངག་པ། རྩོམ་པ་པོ། ལྟ་གྲུབ་སྨྲ་བ། སློབ་ཕྲུག་བཅས་མཉམ་ཞུགས་གནང་རྒྱུ་ཡིན་འདུག
དེ་བཞིན་དབྱིན་ཡུལ་ཆབ་སྲིད་ཚོགས་པ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་ཁ་དང་། དབྱིན་ཡུལ་བོད་ཁང་གི་གོ་སྒྲིག་འོག O2 ལོན་ཌོན་ཞེས་པའི་རྩེད་ཐང་དུ་སྙིང་རྗེའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ། དེ་རྗེས་སེམས་ཁམས་རིག་པ་བ་དང་ཚན་རིག་སྐོར་གསར་འགོད་པ་ཌེ་ནི་ཡལ་གོལ་མེན་ Daniel Goleman ལགས་ཀྱིས་སྣེ་ཁྲིད་པའི་༸གོང་ས་མཆོག་དང་ལྷན་དྲི་བ་དྲིས་ལན་གྱི་མཛད་འཆར་དང་། ལོན་ཌོན་དུ་རྟེན་གཞི་བྱས་པའི་ the London Coliseum ཞེས་པའི་ཚོགས་ཁང་ནང་དབྱིན་ཡུལ་དུ་ཡོད་པའི་རྒྱ་གར་གྱི་མང་ཚོགས་ཀྱིས་གཙོས་མི་མང་རྣམས་ལ་འཚེ་མེད་ཞི་བའི་སྐོར་བཀའ་སློབ་དང་མང་ཚོགས་ཀྱི་དྲི་བར་བཀའ་ལན། ལོན་ཌོན་གྱི་དཔལ་འབྱོར་རིག་པའི་སློབ་གྲྭ་London School of Economics ཞེས་པའི་ནང་བཀའ་སློབ་སྩལ་རྒྱུ་སོགས་ཀྱི་མཛད་འཆར་རྒྱ་ཆེ་ཡོད་འདུག་པ་བཅས།།