༢༠༡༥ ཟླ་ ༩ ཚེས་ ༡༠ རེས་གཟའ་ཕུར་བུ།
གསར་འགོད་གསལ་བསྒྲགས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༦ ཉིན་རྒྱ་ནག་གཞུང་གིས་སླར་ཡང་བོད་རང་སྐྱོང་ལྗོངས་ (བོད་ཀྱི་ས་ཁུལ་ཆ་ཚང་ཚུད་མེད།) ཟེར་བའི་ཐོག་ཡིག་ཆ་དཀར་པོ་གཞན་ཞིག་འདོན་སྤེལ་བྱས་འདུག ད་ཐེངས་ཀྱི་ཡིག་ཆ་དཀར་པོ་འདི་ནི་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་དང་འབྲེལ་ནས་འདོན་སྤེལ་བྱས་ཡོད། ཡིག་ཆ་དེའི་ནང་དོགས་གཞི་ཅན་གྱི་གྲངས་འདྲེན་མང་པོ་ཞིག་བྱས་ནས་བོད་དེ་ད་ཆ་ཕུལ་བྱུང་གི་དུས་རབས་ཤིག་ཏུ་བསྒྱུར་ཡོད་པའི་འགྲེལ་བརྗོད་བྱས་ཡོད། ཇི་སྲིད་བོད་ནང་རང་དབང་ཅན་གྱི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པ་ཁག་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་འགྲོོ་བསྐྱོད་ཀྱི་ཆོག་མཆན་མ་སྤྲད་བར་དུ། རྒྱ་ནག་གཞུང་གིས་ཡིག་ཆ་འདི་ལྟ་བུ་འདོན་སྤེལ་བྱས་ཏེ་བོད་རྒྱའི་འབྲེལ་ལམ་ལ་མཁྱོགས་བཤད་བྱེད་པ་དང། བོད་ལ་དྲག་པོའི་བཙན་བཟུང་བྱས་པ་དེ་དག་འགེབས་སྲུང་བྱེད་བཞིན་པ་ནི་དོན་དག་བསྒྲུབ་རྒྱུ་མེད་པ་ཞིག་རེད།
རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱས་པ་དེ་དག་ལས་ལྡོག་སྟེ། དོན་དངོས་སུ་རྒྱལ་ས་ལྷ་སའི་ནང་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་རྒྱུར་བོད་དེ་ཕྱོགས་ཡོངས་ནས་སྒོ་བརྒྱབ་སྟེ། ཉེན་སྲུང་གི་ཐབས་ལམ་སྣ་མང་ལག་བསྟར་དང་ས་གནས་གང་སར་དམ་བསྒྲགས་ཤུགས་ཆེ་བྱས་ཡོད། དེ་བཞིན་བདེ་འཇགས་མི་སྣ་མང་པོ་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༡ ཉིན་རྒྱ་ནག་གཞུང་གིས་སྦྲག་ཁང་ཡོངས་རྫོགས་ལ། ཕྱི་ཟླ་ ༨ ཚེས་ ༢༠ ནས། ཕྱི་ཟླ་ ༩ ཚེས་ ༥ བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕར་ཚུར་ཡིག་འབྲེལ་ཇི་བྱས་ཁག་ལ་ཞིབ་བཤེར་དོ་ནན་བྱེད་དགོས་པའི་བཀའ་རྒྱ་ཡང་བཏང་ཡོད།
ད་ཐེངས་ཀྱི་ཡིག་ཆ་དཀར་པོ་འདིའི་ནང་། བོད་ནང་འཛུགས་སྐྲུན་དང་། སྤྱི་ཚོགས་དང་རིག་གཞུང་གོང་སྤེལ་གྱི་ལས་གཞི་མང་པོ་ཞིག་སྤེལ་ཡོད་པ་འགྲེལ་བརྗོད་བྱས་ཡོད་ཀྱང་། དོན་དངོས་སུ་བོད་མི་རྣམས་ཆོས་དད་མཚོན་པའི་གཞི་རྩའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཆོག་པའི་རང་དབང་རྩ་བ་ནས་སྤྲད་མེད། དཔེར་ན། བོད་མི་ཚོར་བོད་ཀྱི་ས་ཁུལ་ནང་ཕར་ཚུར་འགྲོ་འོང་ཐོག་ལ་ཡང་སྔར་ལས་ལྷག་པའི་རྫོགས་མཐའ་མེད་པའི་ཆོག་མཆན་སོགས་བཟོས་ཡོད། བོད་ཀྱི་དགོན་སྡེ་ཁག་རྒྱ་ནག་དམར་ཤོག་ཚོགས་པས་བསྐོ་བཙུགས་བྱས་པའི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བས་སྟངས་འཛིན་བྱེད་ཀྱི་ཡོད། འབྲོག་པ་རྣམས་སྲོལ་རྒྱུན་ལྟར་གནས་མ་བཅུག་པར་བཙན་དབང་འོག་གཞིས་སྤོ་བཅུག་པ། ས་གནས་མི་མང་གི་བསམ་ཚུལ་ལ་རྩ་བ་ནས་མ་བསྟུན་པར་གཏེར་ཁ་སྔོག་འདོན་དང་ཆུ་རགས་རྒྱག་རྒྱུའི་ལས་གཞི་སོགས་བརྩམས་ཡོད། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་མི་ ༡༤༢ ཡིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་ཡོད། ཉེ་ལམ་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༨ ཉིན་ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་བསང་ཁོག་དངུལ་རྭ་སྡེ་པ་ནས་ཡིན་པ་ཕྲུ་གུ་ལྔའི་ཨ་མ་བཀྲ་ཤིས་སྐྱིད་ཞུ་བ་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད།
ཇི་སྲིད་རྒྱ་ནག་དབུས་གཞུང་གིས་བོད་མིའི་མངོན་འདོད་༸གོང་ས་མཆོག་བོད་ལ་གདན་ཞུ་དང་བོད་ལ་རང་དབང་དགོས་པ་མ་གྲུབ་བར། དེ་སྲིད་རྒྱ་ནག་གཞུང་གི་བོད་མིའི་བདེ་དོན་དང་བདེ་སྐྱིད་ཆེད་དོན་དམ་གྱི་སེམས་ཁུར་ཡོད་མདོག་བྱེད་བཞིན་པ་དེ་ནི་དོགས་གཞི་ཅན་ཞིག་ཆགས་ཡོད། ༸གོང་ས་མཆོག་བོད་ལ་གདན་ཞུ་དང་བོད་ལ་རང་དབང་བྱུང་ན་བོད་ནང་ཕུལ་བྱུང་གི་དུས་རབས་ངོ་མ་དེ་འཆར་ངེས་ཡིན།
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་ཡིག་ཆ་དཀར་པོར་ལན་འདེབས་དང་འབྲེལ་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་བཟང་ཤོས་ཤིག་ཡིན་སྐོར་བསྐྱར་ནན་བྱས་ཡོད། བཀའ་ཤག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༩ ལ།།