ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཏཀ་ཤཱ་ཤི་ལ་ཉམས་ཞིབ་བསྟི་གནས་ཁང་Takshashila Institute དུ་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་འདུག
དེ་ཡང་གོང་ཚེས་ཉིན་ཏཀ་ཤཱ་ཤི་ལ་བསྟི་གནས་ཁང་གི་ཚོགས་མི་མང་ཆེ་བ་ནི་རྒྱ་གར་གྱི་སྲི་ཞུ་བ་དང་གྲོས་ཚོགས་འཐུས་མི་དེ་བཞིན་མཁས་དབང་དང་ཉམས་ཞིབ་པ་བཅས་ཡིན་འདུག་པ་རྣམས་འདུ་འཛོམས་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་གར་ནས་བོད་དུ་དར་བའི་ནང་པ་སངས་རྒྱས་པའི་ཆོས་ལུགས་སྤྱི་དང་། ལྷག་པར་བོད་མི་མང་པོ་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་བོད་ནང་གི་ཛ་དྲག་གནས་ཚུལ་སྐོར་གསལ་པོ་འགྲེལ་བརྗོད་གནང་ཡོད།
དེ་ཡང་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་སྔོན་ལྷོ་ཨ་ཕི་རི་ཁ་དང་བྱང་ཀོ་རི་ཡའི་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་ལྟར་དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་བོད་ཐོག་དེ་མཚུངས་ལག་བསྟར་བྱེད་བཞིན་ཡོད། ད་ལྟའི་བོད་ནང་གི་མི་རབས་གཉིས་པའི་བོད་མི་ཚོའི་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་ཟེར་ན། རྒྱ་ནག་གཞུང་གི་བོད་མི་རྣམས་ལ་དེང་དུས་ཀྱི་ཚད་མཐོ་བའི་འཕྲུལ་ལས་ཀྱི་ལག་འཁྱེར་རེ་བཟོས་ཡོད་པ་དང་། ལག་འཁྱེར་དེའི་ནང་དོ་དག་སོ་སོའི་མིང་དང་ཁ་བྱང་། དེ་བཞིན་ཁུངས་གང་ནས་ཡིན་པ། མི་དེའི་ལས་ཀ་གང་དང་གང་བྱེད་ཀྱི་ཡོད་མེད་སོགས་རྟོག་ཞིབ་བྱ་ཆེད་དམ་བསྒྲགས་ཀྱི་སྲིད་བྱུས་དེ་འདྲའང་ལག་བསྟར་བྱེད་བཞིན་ཡོད།
གྲོང་གསེབ་ནས་ཡིན་པའི་བོད་མི་རྣམས་ལྷ་སའི་ཁུལ་དུ་བདུན་ཕྲག་གཉིས་ལྷག་གནས་སྡོད་མི་ཆོག་པ་མ་ཟད། ལྷ་སའི་ནང་གནས་སྡོད་བྱེད་མཁན་བོད་མི་རྣམས་དང་འདྲིས་གཤིབ་བྱེད་རྒྱུར་དམ་བསྒྲགས་བྱེད་བཞིན་ཡོད། གོང་གསལ་ས་གནས་ཁག་ནས་བསླེབས་པའི་བོད་མི་ཚོ་འགྲོ་བསྐྱོད་ཀྱི་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་ཏེ་རྒྱ་ནག་གཞུང་གིས་ཟུར་འདོན་བྱས་པའི་མགྲོན་ཁང་ནང་མ་གཏོགས་སྡོད་ཆོག་གི་མེད། འདི་ལྟ་བུའི་དམ་བསྒྲགས་ནི་རང་དབང་ལུང་པ་རྒྱ་གར་གྱི་མི་སེར་རྣམས་ལ་མཚོན་ན་བསམ་ཡུལ་ལས་འདས་པ་ཞིག་ཆགས་ཡོད། འོན་ཀྱང་བོད་ནང་འདི་ནི་རྒྱུན་ལྡན་གྱི་གནས་སྟངས་ལྟ་བུར་གྱུར་ཡོད།
གལ་ཏེ་བོད་ནང་བོད་མི་ཞིག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཡོད་ན་ཕོ་མོ་སུ་ཞིག་ཡིན་རུང་དོ་དམ་བྱེད་རྒྱུ་དང་། མ་ཟད་དོ་དམ་འོག་ཡོད་པའི་གང་ཟག་དེའི་ནང་མི་ཡོངས་རྫོགས་ནག་ཉེས་ཅན་གྱི་མིང་གཞུང་ཁོངས་སུ་བཅུག་སྟེ་གཞུང་ཕྱོགས་ཀྱི་ཐོབ་ཐང་དང་ལས་ཀ་སོགས་ཀྱི་རང་དབང་སྤྲོད་ཀྱི་མེད། གལ་ཏེ་བོད་མིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་རྩིས་བྱས་ནའང་འཛིན་བཟུང་གིས་ཡུན་རིང་བཙོན་འཇུག་གི་ཁྲིམས་ཆད་བཏང་བ་མ་ཟད། བཙོན་ཁང་ནང་མནར་གཅོད་ཚད་ལས་འདས་པ་མྱང་དགོས་པ་བྱུང་ཡོད། ཉེ་ལམ་ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་བསང་ཁོག་དངུལ་རྭ་སྡེ་པ་ནས་ཡིན་པའི་བོད་པའི་བུད་མེད་བཀྲ་ཤིས་སྐྱིད་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་བྱས་ཏེ་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་ཡོད།
ད་བར་བོད་མི་གྲངས་ ༡༤༢ ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ཞི་རྒོལ་བྱས་ཡོད། བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་གཏོང་རྒྱུ་ལྟ་བུའི་ཚབས་ཆེའི་ལས་འགུལ་དེ་འདྲ་ཞིག་སྤེལ་བཞིན་པ་དེས་བོད་ནང་གི་གནས་སྟངས་ཇི་ཙམ་ཛ་དྲག་ཡོད་མེད་མངོན་དཔག་ཐུབ་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་བོད་ཀྱི་ནང་པའི་ཆོས་ཀྱི་འབྱུང་ཁུངས་ནི་དཔལ་ནཱ་ལེནྡྲ་ནས་ཡིན་པ་དང་ང་ཚོས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད་སྐོར་སོགས་དང་། དེ་བཞིན་བོད་ནི་ཨེ་ཤི་ཡའི་རྒྱུག་ཆུ་ཆེན་པོ་བཅུའི་འབྱུང་ཁུངས་ཡིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་འདུག ཕྱོགས་མཚུངས་དེ་ཉིན་གྱི་ཕྱི་དྲོ་སྦེང་ལོར་ཁུལ་དུ་སློབ་གཉེར་བྱེད་བཞིན་པའི་བོད་པའི་སློབ་མ་དང་། ཁུལ་དེར་གནས་སྡོད་བྱེད་མཁན་བོད་མི་རྣམས་ལ་གསུང་བཤད་གནང་འདུག ཕྱི་ཚེས་ ༤ ཉིན་སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གསུང་བཤད་གནང་ཡོད་འདུག །