ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༤ རེས་གཟའ་པ་སངས།
༄༅། །འདི་གར་ལྡི་ལི་བསམ་ཡས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢ ཉིན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བོད་འབངས་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་ལོ་ངོ་ ༥༥ འཁོར་བའི་གཞུང་འབྲེལ་དུས་ཆེན་མཛད་སྒོ་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ལྡི་ལི་ཁུལ་དུ་ཡོད་པའི་ལས་ཁུངས་ཁག་དང་། ཚོགས་སྡེ་ཁག་གི་ལས་བྱེད། སློབ་ཕྲུག སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བ་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ་མདུན་ཐང་དུ་འདུ་འཛོམས་ཀྱིས་བསངས་གསོལ་བཏང་བ་དང་ཆབས་ཅིག་ལྷ་རྒྱལ་འཐེན། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སློབ་གྲྭའི་ཚོགས་ཁང་ནས་སྤོས་སྣེས་སྔོན་བསུས་ཏེ་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་བསྟུན། སྐུ་མགྲོན་རྣམ་པས་རིམ་བཞིན་རྟེན་འབྱུང་མཇལ་དར་སྒྲོན་འབུལ་དང་ཆབས་ཅིག་སློབ་ཕྲུག་རྣམས་ནས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་མང་གཙོའི་གླུ་དབྱངས་འབུལ་ལམ་ཞུས།
དེ་རྗེས་ས་གནས་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས་ཀྱིས་ཕེབས་བསུའི་འཚམས་འདྲི་དང་འབྲེལ་དུས་ཆེན་ངོ་སྤྲོད་གསུང་བཤད་དང་། སྐུ་མགྲོན་གཙོ་བོ་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་། དེ་ནས་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་། དེ་རྗེས་ས་གནས་ཉེན་རྟོག་པའི་དཔོན་པོ་ས་ཏིཤ་ཀུ་མྰར་ ACP Satish Kumar ལགས་དང་། SHO རྣམ་གཉིས་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད།
ཐེངས་འདིའི་མང་གཙོ་དུས་ཆེན་དང་སྟབས་བསྟུན་༸སྐུའི་གྱ་སྟོན་རྟེན་འབྲེལ་མཚོན་ཆེད་བསམ་ཡས་གླིང་དང་། བྷུཏ་ཝི་ཧར་ཁུལ་གྱི་མི་མང་དང་། ཚོགས་སྡེ་ཁག་ནས་གཞས་སྣ་འཁྲབ་སྟོན་དང་རྩེད་རིགས་འདྲ་མིན་རྩེད་འགྲན་བྱས་པ་མ་ཟད། ༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ནས་མཚོ་པདྨ་དང་། ནེ་ནི་ཏལ། ལ་དྭགས་སོགས་སུ་སྐུ་རླུང་དར་འཛུགས་དང་། ལྡི་ལི་ཁུལ་དུ་ས་གནས་ཡུལ་མི་རྣམས་ལ་ཟས་སྦྱིན་རྒྱ་མི་ཆུང་བ་ཞིག་བཏང་ཡོད།
ཕྱོགས་མཚུངས་བརྒྱ་འཐུས་ལས་ཁུངས་ནས་སྐུ་མགྲོན་རྣམ་པ་དང་། མི་མང་ཡོངས་ལ་ཉིན་གུང་ཞལ་ལག་སྟབས་བདེ་ཞིག་ཕུལ་ཡོད་པ་དང་། ཕྱི་དྲོ་ཆུ་ཚོད་ ༧ ནས་ ༩ བར་ཚོགས་པ་ཁག་ནས་འགན་འཁུར་ཐོག་རོལ་དབྱངས་དཀྲོལ་གཏོང་གི་ལམ་ནས་གོ་སྒྲིག་གང་ལེགས་ཞུས་ཡོད་པ་བཅས།།