ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་འབངས་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་ལོ་ངོ་ ༥༥ འཁོར་བའི་དུས་ཆེན་མཛད་སྒོའི་ཐོགདབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པས་གོ་སྒྲིག་འོག་ཚོང་ལས་འཆར་འགོད་ལེགས་ཤོས་ཁོངས་གྲུབ་འབྲས་ཐོན་པའི་ཚོང་པ་བཞི་ལ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མ་དངུལ་རོགས་སྐྱོར་གྱི་བྱ་དགའ་གནང་ཡོད།
དེ་ཡང་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པས་ཡར་ཐོན་ཚོང་པ་རྣམས་ཚོང་ལས་གཉེར་ཕྱོགས་ཀྱི་འཆར་གཞི་གཞི་རྒྱ་ཆེན་པོ་ཡོད་ཀྱང་། དོན་དངོས་སུ་སྤྱི་ཚོགས་ནང་ངོས་འཛིན་མེད་པ་དང་གོ་རྟོགས་མེད་པ་སོགས་ལུས་ཡོད་པར་བརྟེན། ཚོང་ལས་པ་དེ་དག་རང་རེའི་སྤྱི་ཚོགས་ནང་དངོས་སུ་འབུར་དུ་ཐོན་པའི་ཡར་ཐོན་ཚོང་པ་ཞིག་ཡོང་རྒྱུ་དང་། དེ་བཞིན་རང་རེའི་སྤྱི་ཚོགས་ནང་ཡར་ཐོན་གྱི་ལམ་ནས་ཚོང་ལས་རྒྱུན་སྲིང་བྱ་ཕྱིར་ཉིན་གཉིས་རིང་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པ་ཁག་གཅིག་ཚོགས་འདུ་བསྐོང་ཚོགས་གནང་བ་དང་སྦྲགས། སྐབས་དེར་འགྲན་བསྡུར་གྱི་རྣམ་པའི་སྒོ་ནས་ཚོང་ལས་གཉེར་ཕྱོགས་ཀྱི་ཕུགས་བསམ་དང་། འཆར་གཞི་གཞི་རྒྱ་ཆེ་བ། སྤྱི་ཚོགས་ནང་ཤུགས་རྐྱེན་སྤྲོད་ཐུབ་པ། འཆར་གཞི་ལྡན་པའི་ཚོང་པ་ཁག་གཅིག་ལ་དངུལ་གྱི་ཆེ་བསྟོད་རོགས་སྐྱོར་བྱ་དགའ་གནང་རྒྱུའི་འཆར་གཞི་ལྟར་དངོས་གཞི་འགྲན་བསྡུར་ནང་ཁྲོམ་རའི་འགྲོ་ཕྱོགས་ཀྱི་ཆེད་ལས་པ་ཀོ་ལོ་ཎར་ཇི་ཏེན་དིར་མིན་ཧས་ Colonel Jitender Minhas ལགས་དང་། ཇེ་ཨེས་སེ་ཌིབ་ཀྱི་སྤྱི་ཁྱབ་འགན་འཛིན་ Chief Executive-JSS-STEP, Noida,Mr.Subit Saurav སྐུ་ཞབས་སུ་བིཌ་ས་རབ་ལགས། ལོན་ཌོན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་ཐུབ་བསྟན་བསམ་གྲུབ་ལགས། སྐུ་ཞབས་ཅན་ཌ་ར་ཀཎྜ་ Mr. Chandra Kant ལགས། བོད་མི་མང་སྤྱི་འཐུས་ཟུར་པ་རྡོ་རྗེ་དབང་འདུས་ལགས་བཅས་ཀྱིས་ཟུར་དཔང་གནང་འདུག
ཚོགས་འདུ་ཉིན་མཐའ་མར་འཆར་འགོད་ལྡན་པའི་ཚོང་པ་བཞི་བདམས་ཐོན་གྱིས་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། མང་གཙོ་དབུ་བརྙེས་པའི་དུས་ཆེན་གྱི་ཉིན་དངོས་སུ་གཞུང་འབྲེལ་ཐོག་ནས་ཨང་རིམ་རྩེར་སོན་བདམས་ཐོན་ཚོང་པ་བཞི་པོར་སྲིད་སྐྱོང་མཆོག་གིས་དངུལ་གྱི་ཆེ་བསྟོད་རོགས་སྐྱོར་བྱ་དགའ་གནང་ཡོད།
ཡར་ཐོན་ཚོང་ལས་ཐོག་འཆར་གཞི་ལྡན་པའི་ཚོང་པ་ཨང་དང་པོར་རྟེན་འབྲེལ་འགྲིམ་འགྲུལ་ལས་ཁང་གི་རྒྱལ་པོ་བཀྲ་ཤིས་ལགས་སུ་བྱ་དགའ་སྒོར་འབུམ་བཞི། ཨང་གཉིས་པར་ Tibetan i tech ཚེ་བརྟན་སྒྲོལ་དཀར་ལགས་ལ་སྒོར་འབུམ་གསུམ། ཨང་གསུམ་པར་ KA ཀ། བཀྲ་ཤིས་ཚེ་རིང་ལགས་དང་ཁོང་གི་ལས་རོགས་བཅས་ལ་སྒོར་འབུམ་གསུམ་དང་། ཨང་བཞི་པར་ Physiotheraphy Clinic ཕྱི་བཅོས་གསོ་ཐབས་ཀྱི་སྨན་དཔྱད་ཁང་གི་བསྟན་འཛིན་འཇིགས་མེད་ལགས་ལ་སྒོར་འབུམ་གཅིག་བཅས་གནང་ཡོད།
རྟེན་འབྲེལ་འགྲིམ་འགྲུལ་ལས་ཁང་གི་རྒྱལ་པོ་བཀྲ་ཤིས་ལགས་ནི། ལ་དྭགས་ནས་ཡིན་པ་དང་། ཕྱི་ལོ་ ༢༠༠༤ ལོར་རྒྱལ་པོ་བཀྲ་ཤིས་ལགས་ཀྱིས་ལ་དྭགས་བོད་མིའི་སྤྱི་ཚོགས་ནང་རིགས་གཞུང་དང་། ཆོས་ཕྱོགས་སོགས་ཀྱི་འགྲིམ་འགྲུལ་ལས་དོན་བཀོད་སྒྲིག་དང་ལམ་སྟོན་གྱི་འཆར་འགོད་ཞིག་སྤེལ་ཐུབ་པ་བྱུང་ཞིང་། ཕྱི་ལོ་ ༢༠༡༠ ལོར་རྟེན་འབྲེལ་འགྲིམ་འགྲུལ་ལས་ཁང་དེ་བཞིན་དངོས་སུ་ལ་དྭགས་པ་དང་མཉམ་འབྲེལ་ཐོག་ལ་དྭགས་དང་རྒྱ་གར་གྱི་གནས་ཆེན་ཁག་ཏུ་གནས་མཇལ་རྒྱུའི་དགོས་མཁོ་བསྐྲུན་སླད་འགྲིམ་འགྲུལ་ལས་ཁང་དེ་ཉིད་བཙུགས་པ་ཞིག་ཡིན་འདུག
ཚེ་བརྟན་སྒྲོལ་དཀར་ལགས་ནི། རྡ་རམ་ས་ལར་གནས་སྡོད་གནང་མཁན་ཞིག་ཡིན་པ་དང་། ཁོང་མོ་ནི་ Diploma in Web designing and Web development ཐོག་སློབ་སྦྱོང་མཐར་ཕྱིན་པ་དང་། ཕྱི་ལོ་ ༢༠༠༧ ལོར་ཁོ་མོའི་འཕྲུལ་ལས་ཀྱི་ལས་དོན་ཐོག་དངོས་སུ་ལས་འགོ་བཙུགས་པ་དང་སྦྲགས་ ཚོགས་པ་འདྲ་མིན་ནང་འཕྲུལ་ལས་ཀྱི་ལས་ཀ་གནང་མྱོང་ཡོད་འདུག ཁོང་མོའི་བོད་ཀྱི་འཕྲུལ་ལས་དེ་བཞིན་དྲ་ལམ་ཚོང་ལས་ཞིག་ཏུ་གྱུར་བ་ནས་བཟུང་དེང་སྐབས་དྲ་ལམ་གྱི་ངོས་སུ་ཐད་ཀར་ཁྲོམ་རའི་ནང་བོད་ཀྱི་ཅ་དངོས་ཉོ་རྒྱུའི་སྡིངས་ཆ་ཞིག་ཏུ་གྱུར་ཡོད་འདུག
KA ཞེས་པའི་བཀྲ་ཤིས་ཚེ་རིང་ལགས་དང་ལས་རོགས་ཚོས་མཉེན་ཆས་བཟོ་བསྐྲུན་གྱི་ལས་གཞི་ཞིག་གཉེར་ཡོད་འདུག མཉེན་ཆས་དེས་ཁྱིམ་ཚང་ནང་བེད་སྤྱོད་ཆེ་བའི་མཉེན་ཆས་ཤིག་བཟོས་ཡོད་པ་དེ་ནི་ཕྲུ་གུའི་རྩེད་ཆས་སོགས་ཀྱི་ཐོག་བཟོ་བསྐྲུན་བྱེད་ཡོད་པ་དང་། རྩེད་ཆས་དེས་ཕྲུ་གུ་སོགས་ཚང་མས་བོད་ཀྱི་སྐད་ཡིག་དེ་བཞིན་རྩེད་ཆས་དང་འགུལ་གཟུགས་ཅན་གྱི་རྣམ་པའི་ཐོག་སློབ་སྦྱོང་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན་འདུག
Tenzin Jigme,Physiotheraphy Clinic ཕྱི་བཅོས་གསོ་ཐབས་ཀྱི་སྨན་དཔྱད་ཁང་ནི། བསྟན་འཛིན་འཇིགས་མེད་ལགས་ཀྱིས་བཙུགས་པ་ཞིག་ཡིན་འདུག ཁོང་ནི་ Musculoskeletal Disorder and Sport Rehab (MPT) ནས་བསླབ་པ་མཐར་སོན་པ་དང་། ཁོང་གི་ལས་རོགས་ BPT ནས་བསླབ་པ་མཐར་ཕྱིན་པའི་པཎ་ཆེན་བཟང་པོ་ལགས་ཡིན་འདུག སྨན་དཔྱད་ཁང་འདིའི་ནང་ད་ལྟའི་ཆར་ཟླ་བ་གཅིག་ནང་བརྟག་དཔྱད་བྱེད་པར་ཡོང་མི་ ༢༥༠ ཙམ་བྱུང་ཡོད་འདུག །