ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དབུས་འོས་བསྡུ་ལས་ཁང་གིས་འོས་སྒྲིག་དོན་ཚན་ ༢༤ ནང་གསེས་ཁག་གཅིག་ལ་མང་ཚོགས་ཁྲོད་གོ་བ་ལེན་ཕྱོགས་འདྲ་མིན་ཡོང་བཞིན་པར་བརྟེན། ད་ནས་བཟུང་ཚང་མས་གཅིག་གྱུར་ཡོང་ཆེད་བཙན་བྱོལ་བོད་མིའི་དབུས་འོས་བསྡུ་ལས་ཁང་གིས་སྐབས་དོན་འབྲེལ་ཆགས་འོས་སྒྲིག་དོན་ཚན་དང་ལམ་སྟོན་གནང་བ་ཁག་གི་གོ་བ་ལེན་སྟངས་དང་། འགྲེལ་བཤད་ངོས་འཛིན་ཞུ་སྟངས་སོགས་ཀྱི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།
དེ་ཡང་གོང་ཚེས་ཉིན་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་དང་། འོས་བསྡུ་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས། བསྟན་འཛིན་ཆོས་འཕེལ་ལགས། དེ་བཞིན་ཕྱི་ནང་གི་གསར་འགོད་པ་ ༣༠ ཙམ་མཉམ་འཛོམས་གནང་སྟེ་གསར་འགོད་གསལ་བསྒྲགས་སྤེལ་བའི་ཐོག་མར་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་གསར་འགོད་པ་ཚོར་འཚམས་འདྲི་དང་ངོ་སྤྲོད་གནང་དོན། ད་ལམ་དབུས་འོས་བསྡུ་ལས་ཁང་ནས་འོས་སྒྲིག་དོན་ཚན་ ༢༤ ནང་གསེས་ཁག་ལ་གལ་སྲིད་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ་ཉེས་ཆད་གཏན་འབེབས་ཞུས་པ་དང་། དེ་བཞིན་འོས་སྒྲིག་དོན་ཚན་ ༢༤ ནང་གསེས་ ༩ པའི་དགོངས་དོན་ཁག་ལ་ལམ་སྟོན་གཏན་འབེབ་བྱུང་བ་རྣམས་སྔོན་དུ་ཞུས་ཟིན་པ་རེད།
དེར་བརྟེན་ང་རང་ཚོའི་སྤྱི་ཚོགས་ནང་དུ་ཡིན་ནའང་འདྲ། དེ་དེ་བཞིན་འོས་གཞིའི་སྐྱེ་བོ་བྱེ་བྲག་པ་ཞིག་ལ་རྒྱབ་སྐྱོར་གནང་མཁན། དེ་དེ་བཞིན་སྐྱེ་བོ་སུ་འདྲ་ཞིག་ཡིན་ནའང། གནད་དོན་དེ་ཚོའི་ཐོག་གོ་རྟོགས་གསལ་པོ་མ་བྱུང་བའི་ཉེན་ཁ་ཞིག་ཡོང་བཞིན་པ་མཐོང་གི་འདུག དེར་བརྟེན་དེ་རིང་གནད་དོན་དེ་དག་ཐད་གོ་རྟོགས་གསལ་པོ་ཡོང་ཕྱིར་གསར་འགོད་གསལ་བསྒྲགས་འདི་བསྐོང་ཚོགས་ཞུས་པ་ཞིག་ཡིན། ཞེས་གསུང་རྗེས་འདི་ནས་ཟུར་དུ་འདོན་སྤེལ་ཞུས་ཡོད་པའི་གསར་འགོད་གསལ་བསྒྲགས་དེ་སྒྲོགས་སྦྱང་གནང་ཡོད།
དེ་རྗེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་གྲུབ་མཚམས། འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ འོས་བསྡུ་ཆེན་མོའི་དུས་ཚེས་དང་ལས་རིམ་གཏན་འབེབས་གང་ཡིན་སྐོར་སྒྲོགས་སྦྱང་ཞུས་པ་དང་ཕྱོགས་མཚུངས། འོས་བསྡུ་འགན་འཛིན་ལས་འཕར་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་འོས་བསྡུ་ཆེན་མོའི་དུས་ཚེས་དང་ལས་རིམ་གཏན་འབེབས་བྱུང་བ་རྣམས་སྒྲོགས་སྦྱང་ཞུས་ཏེ་གསར་འགོད་གསལ་བསྒྲགས་ཀྱི་ལས་རིམ་གྲོལ། །