༢༠༡༥ ཟླ་ ༩ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །བོད་རྒྱལ་ལོ་ ༢༡༤༢ ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢ ཉིན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་འབངས་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་ལོ་ངོ་ ༥༥ འཁོར་བའི་དུས་ཆེན་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྲུང་བརྩི་གཟབ་རྒྱས་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་གཙུག་ལག་ཁང་གི་གསུང་རའི་དབུ་གཡབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་མཆོག་རྣམ་གཉིས་དང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་གཞན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཤན་ཏ་ཀུ་མཱར་ (Shri Shanta Kumar) མཆོག དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་བློན་ཆེན་མེ་ནི་ཀ་གཱན་དྷི་ (Maneka Gandhi) མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུ་བ་ཆེ་ཕྲ་རྣམ་པ། རྡ་ས་ས་གནས་འགོ་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། མི་དམངས་དང་སློབ་ཕྲུག་སོགས་ཁྱོན་སེར་སྐྱ་མི་དམངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ་བཞིན་པར་སྐུ་མགྲོན་གཙོ་བོ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་། དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་མང་གཙོའི་གསར་བཞད་བཏང་རྗེས་རིམ་བཞིན་སྐུ་མགྲོན་རྣམ་པར་རྟེན་འབྱུང་གསོལ་ཇ་འབྲས་སིལ་ཕུལ་བ་དང་ཆབས་ཅིག་སློབ་ཕྲུག་དང་མི་མང་ལ་མངར་ཟས་བགོ་འགྲེམས་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་སྡེ་ཚན་ཁག་གསུམ་ནས་རྒྱུགས་སྤྲོད་ནང་ཨང་རིམ་དང་པོ་སོན་མཁན་སློབ་མ་ ༣ ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་གནང་། དེ་ནས་དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་བློན་ཆེན་མེ་ནི་ཀ་གཱན་དྷི་མཆོག་གིས་གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་སྡེ་ཚན་ཁག་གསུམ་ནས་རྒྱུགས་སྤྲོད་ནང་ཨང་རིམ་གཉིས་པ་སོན་མཁན་སློབ་མ་ ༣ ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་གནང་།
དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་སྡེ་ཚན་ཁག་གསུམ་ནས་རྒྱུགས་སྤྲོད་ནང་ཨང་རིམ་གསུམ་པ་སོན་མཁན་སློབ་མ་ ༣ ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་གནང་གྲུབ་བསྟུན། བོད་ཀྱི་ཟློས་གར་ཚོགས་པས་༼ནང་སྟོད་ཞབས་བྲོ་༽ཞེས་པའི་ཞབས་བྲོ་འཁྲབ་སྟོན་གནང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པའི་ལས་གཞིའི་འོག་ཁྱད་ལས་ཚོང་པ་གསར་པར་༼ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་༽ གནང་རྗེས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་༼ཁྱུང་པོ་སྟེང་ཆེན་གྱི་རལ་པ་༽འཁྲབ་སྟོན་གྲུབ་བསྟུན། ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་འདི་ལོ་འབུམ་རམས་པ་ (Ph.D.) སློབ་ཐོན་སློབ་མ་གཉིས་ལ་གཟེངས་བསྟོད་བྱ་དགའ་གནང་། དེ་ནས་མེག་གྷན་བོད་ཁྱིམ་ཉིན་སློབ་ནས་༼འབྲོག་ལས་༽ཞེས་པའི་ཞབས་གཞས་འཁྲབ་སྟོན་གནང་།
དེ་ནས་དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་བློན་ཆེན་མེ་ནི་ཀ་གན་དྷི་མཆོག་གིས་གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་སྤྲོད་ནང་བརྒྱ་ཆ་ ༩༥ ཡན་སོན་པའི་སློབ་མ་གཅིག་བྱུང་བ་དེར་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་གནང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ནས་༼གཞིས་ཀ་རྩེ་པ་དང་། ཁམས་གསུམ་དབང་འདུས་༽ ཞེས་པའི་ཞབས་གཞས་འཁྲབ་སྟོན་གནང་།
དེ་རྗེས་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་གྲུབ་བསྟུན། ནོར་གླིང་བྱིས་གསོ་ཁང་ནས་༼ཆུང་ཆུང་བྱིས་པའི་གཟུགས་པོ་ལྔ་༽ ཞེས་པ་འཁྲབ་སྟོན་གནང་། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ཐང་སྟོང་གླུ་གར་ཚོགས་པས་༼ནང་མ་སྟོད་གཞས་༽འཁྲབ་སྟོན་གནང་། དེ་རྗེས་དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་བློན་ཆེན་མེ་ནི་ཀ་གཱན་དྷི་མཆོག་གིས་གསུང་བཤད་གནང་གྲུབ་རྗེས་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་ནས་སྟོད་གཞས་༼སོ་ཡ་ལ་སོ་༽ ཞེས་པ་འཁྲབ་སྟོན་གནང་། དེ་ནས་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་གསུང་བཤད་གནང་རྗེས་གོ་པལ་པུར་བོད་ཁྱིམ་ནས་༼རི་དེ་གསེར་རི་གཡུ་རི་༽ ཞེས་པ་འཁྲབ་སྟོན་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད། །