ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཕྱི་ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་ཧཱ་ར་ཤི་ཌར་ Maharashtra མངའ་སྡེའི་ན་སིག་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཧིན་དུའི་བླ་ཆེན་སོ་ཝ་མི་གི་ཡ་ཨ་ནན་ཌ་Swami Giananand མཆོག་དང་ Swami Maisanandསོ་ཝ་མི་མེ་ས་ནན་ཌ་མཆོག་རྣམ་གཉིས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་མེ་ཏོག་གི་ཕྲེང་བ་ཕུལ་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་འདུག
དེ་རྗེས་༸གོང་ས་མཆོག་ཁུལ་དེར་གདན་ཞུ་གནང་མཁན་སོ་ཝ་མི་གུ་རུ་ཤར་ཨ་ནན་ཌ་ཇི་མ་ཧཱ་རཱཇ་Swami Guru Sharanand-ji Maharaj མཆོག་གི་གཟིམ་ཁང་དུ་༸ཞབས་སོར་འཁོད་སྐབས་རྒྱ་གར་གྱི་སྲོལ་རྒྱུན་ལམ་ནས་དུང་ཆེན་འབུད་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་སོ་ཝ་མི་གུ་རུ་ཤར་ཨ་ནན་ཌ་ཇི་མ་ཧཱ་རཱཇ་མཆོག་གིས་མི་དཀྱུས་མའི་མི་ཚེ་སྐྱེལ་བཞིན་པ་དང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་ཐོག་གོ་རྟོགས་གཏིང་ཟབ་ཡོད་པ་དེར་བསྔགས་བརྗོད་མཛད་ཡོད། དེ་རྗེས་ཉིན་གུང་ལྗགས་སྨིན་སྐབས་སོ་ཝ་མི་གི་ཡ་ཨ་ནན་ཌ་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་བཅར་ཡོད་འདུག སྐབས་དེར་ཁོང་རྣམ་པས་ལྟ་གྲུབ་དང་ཆོས་ཕྱོགས་ཀྱི་ལས་དོན་སྐོར་གླེང་མོལ་མཛད་འདུག ལྗགས་སྨིན་གྲུབ་རྗེས་༸གོང་ས་མཆོག་དང་སོ་ཝ་མི་གུ་རུ་ཤར་ཨ་ནན་ཌ་ཇི་མ་ཧཱ་རཱཇ་མཆོག་རྣམ་གཉིས་ཀྱིས་བྱང་ཆུབ་ལྗོན་ཤིང་གཉིས་འདེབས་འཛུགས་མཛད།
དེ་ནས་གསར་འགོད་འདུ་འཛོམས་ཐོག་༸གོང་ས་མཆོག་གིས་འཛམ་གླིང་འདིའི་སྟེང་ང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པར་སོང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་བཀའ་སློབ་སྩལ་དོན། མི་འགའ་ཤས་ཀྱི་བསམ་བློའི་ནང་ང་དང་ཁོ་ཞེས་པའི་བསམ་བློ་གཏོང་མཁན་རིགས་ཡོད་པ་དེ་དག་ནི་བསམ་རྒྱ་ཆུང་དྲགས་པས་ལན་པ་ཡིན། ཕྱོགས་ཡོངས་ཀྱི་གནས་སྟངས་ཐོག་བསམ་བློ་གཏོང་ཤེས་པའི་མི་ཞིག་གིས་དེ་ལས་ལྡོག་ཏེ་འགྲོ་བ་མི་རིགས་ཚང་མ་གཅིག་ཡིན་པའི་བསམ་བློའི་འདུ་ཤེས་འཛིན་ཐུབ་ཀྱི་ཡོད། ཅེས་དང་། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སོ་ཝ་མི་མཆོག་གིས་ངོས་རང་གོ་དཱ་ཝ་རི་རྒྱུག་ཆུའི་ཉེ་འཁྲིས་སུ་ཆགས་པའི་མ་ཧཱ་ཀུམ་བྷ་རུ་མགྲོན་འབོད་གནང་བ་བཞིན་འདི་གར་བཅར་རྒྱུ་བྱུང་བར་ཧ་ཅང་གཟི་བརྗིད་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད། ངོས་ལ་ཁ་ཆེ་དང་། ཡི་ཤུ། ཇུ་དེ་སིམ། ཁ་ཆེ། དེ་བཞིན་རྒྱ་གར་ནང་ཡོད་པའི་ཆོས་ལུགས་བཅས་ཆོས་ལུགས་འདྲ་མིན་ནས་ཡིན་པའི་གྲོགས་པོ་བཟང་པོ་མང་པོ་ཡོད། ནང་པའི་ཆོས་ལུགས་དང་ཧིན་དུའི་ཆོས་ལུགས་གཉིས་ལ་མཚོན་ན། ཉམས་ལེན་གཅིག་མཚུངས་སུ་འགྱུར་བའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་ལ་ཉམས་ལེན་གནང་གི་ཡོད།
བྷེང་ལོར་དུ་ངོས་ཀྱི་སོ་ཝ་མི་མཆོག་མཇལ་འཕྲད་སྐབས། ཁོང་གིས་མ་སྐུལ་དང་བླངས་ཀྱི་ཐོག་ནས་ཀར་ན་ཊ་ཀའི་མངའ་སྡེའི་ནང་ཕྲུ་གུ་སྟོང་ཕྲག་མང་པོར་ཞལ་ལག་གི་མཐུན་སྦྱོར་གནང་བ་སོགས་སྤྱི་ཚོགས་ཞབས་ཞུ་གནང་གི་འདུག སྐབས་དེ་དུས་ངོས་ཀྱི་ཁོང་ལ་དེ་ལྟར་བཤད་པ་ཡིན། ཉམས་ལེན་འདི་རིགས་ནི་ང་ཚོ་ཆོས་ལུགས་ཚང་མ་གཅིག་གྱུར་ཡིན་ནའང་། མི་འདྲ་བའི་ཆ་ཡོད་པ་ནི་བདག་ཡོད་པ་འདོད་པ་དང་། བདག་མེད་པར་ཁས་ལེན་པ་གཉིས་ཀྱི་ལྟ་གྲུབ་དེ་ནི་ང་ཚོ་ཆོས་ལུགས་སོ་སོའི་གནད་དོན་ཞིག་ཡིན། ཞེས་བཀའ་སློབ་སྩལ་སྐབས། སོ་ཝ་མི་མཆོག་གིས་གསུང་དོན། ༸གོང་ས་མཆོག་ལ་ཞུ་རྒྱུར། ངས་དངོས་ཡོད་གནས་ཚུལ་ཐོག་ལྟ་གྲུབ་དེ་གཉིས་ལ་ཁྱད་པར་མེད་པའི་སྐོར་ཕྲན་བུ་ཞུས་ཆོག་པ་གནང་རོགས། ངས་ནང་པའི་ཆོས་ནས་བཤད་པའི་སྟོང་པ་ཉིད་ཀྱི་སྐོར་བྷར་མན་གྱི་ལྟ་ཚུལ་ཐོག་ནས་བཤད་པ་དང་གཅིག་མཚུངས་ཡིན། ཞེས་གསུངས་འདུག
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཤམ་འོག་ཏུ་བཀའ་འདྲི་ཞུས་པའི་འདྲི་བ་ཁག་ལ་བཀའ་ལན་སྩལ་དོན། ཆོས་ལུགས་ཚང་མའི་ལྟ་གྲུབ་ཀྱི་དགོས་པ་ནི། བྱམས་བརྩེའི་སེམས་གོང་མཐོར་གཏོང་རྒྱུ་དེ་ཡིན། བྱམས་བརྩེའི་རིན་ཐང་རྟོགས་པར་བྱ་རྒྱུ་ནི་གལ་ཆེ་ཤོས་དེ་ཡིན། གང་ལྟར་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཚོས་འཇིག་རྟེན་འདི་དཀོན་མཆོག་གིས་བཀོད་པར་ཡིད་ཆེས་བྱེད་བཞིན་ཡོད། ནང་པ་སངས་རྒྱས་པ་དང་གཅེར་བུ་བས་རྒྱུ་འབྲས་རྣམ་གཞག་འདོད། ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་དེ་དག་ཚང་མའི་མཐར་ཐུག་གི་དམིགས་ཡུལ་བྱམས་བརྩེའི་ཉམས་ལེན་གནང་རྒྱུ་གཅིག་མཚུངས་ཡིན། རྒྱ་གར་གྱི་ལངས་ཕྱོགས་ནི་ཕུགས་རྒྱང་རིང་པོར་གཞིགས་ཏེ་ཆོས་ལུགས་རིས་མེད་གནང་བ་དེ་ཡིན། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་དང་། འབར་མ། བྷང་ལ་དེཤ་སོགས་དང་བསྡུར་ན་རྒྱ་གར་དེ་བཞིན་འགྱུར་མེད་བརྟན་པོའི་ངང་གནས་ཐུབ་ཡོད། དེ་ལྟར་སྲ་བརྟན་གནས་ཐུབ་པའི་རྒྱུ་མཚན་གང་ཡིན་ཟེར་ན། རྒྱ་གར་ནང་ཆོས་ལུགས་སྣ་མང་ལྷན་དུ་གནས་པའི་ཆོས་ལུགས་རིས་མེད་ཀྱི་བཞེངས་ཕྱོགས་དང་།
དེ་བཞིན་འཚེ་མེད་ཞི་བའི་ལམ་སྲོལ་ཡོད་པ་བཅས་ལ་བརྟེན་ནས་རྒྱ་གར་དེ་བཞིན་ད་བར་སྲ་བརྟན་དུ་གནས་ཐུབ་པ་བྱུང་ཡོད། རྒྱ་གར་ནང་རིགས་རུས་ཀྱི་དབྱེ་འབྱེད་སྐོར་རྩོད་རྙོག་ཡོད་པ་ནི་ལུགས་སྲོལ་ཞིག་ལས་རྩོད་རྙོག་དེ་ཡུན་རིང་བེད་སྤྱོད་རྩ་བ་ནས་མེད། རིགས་རུས་ཀྱི་རྩོད་རྙོག་དེ་ཉིད་གཙང་སེལ་བཟོ་དགོས་པ་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་ལམ་སྟོན་སྩལ་འདུག ཕྱི་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོ་ཝ་མི་མཆོག་དང་ལྷན་མུ་མཐུད་ལྟ་གྲུབ་སྐོར་དགོངས་ཚུལ་བརྗེ་ལེན་གྱི་བཀའ་བསྡུར་མཛད་གནང་འདུག སྐབས་དེར་སློབ་དཔོན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཤར་རྩེའི་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག ཡང་སྟེང་རིན་པོ་ཆེ་མཆོག དེ་བཞིན་སོ་ཝ་མི་མཆོག་གི་ཞལ་སློབ་ཁག་གཅིག་བཅས་ལྷན་བཅར་ཞུས་གནང་འདུག བཀའ་བསྡུར་མཛད་གནང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དང་ཧིན་དུའི་ཆོས་ལུགས་གཉིས་ཀྱི་སྐོར་དགོངས་ཚུལ་བརྗེ་ལེན་འདི་བཞིན་ཆོས་ལུགས་མཐུན་སྒྲིལ་ཐད་མུ་མཐུད་གོ་རྟོགས་བསྐྲུན་རྒྱུར་ཞབས་འདེགས་ཆེན་པོ་ཞིག་བསྒྲུབས་ཐུབ་པ་བྱུང་སོང་། ཞེས་བཀའ་སློབ་སྩལ་འདུག །