༢༠༡༥ ཟླ་ ༨ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་ལྡི་ལི་བརྒྱུད་རྒྱ་གར་གྱི་གྲོང་ཁྱེར་ན་སིག་ཏུ་ཧིན་དུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེན་མོ་ཀུམབྷ་མེ་ལ་ཞེས་པར་ཆིབས་སྒྱུར་སྐབས་དད་ལྡན་མི་མང་སྟོང་ཕྲག་བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་མེ་ཏོག་སྣ་ཚོགས་ཐོགས་ཏེ་ཕེབས་སྐྱེལ་གཟབ་རྒྱས་ཞུས་ཡོད། དེ་ཡང་ཀུམ་བྷ་མེ་ལ་ཟེར་བའི་ཧིན་དུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེན་མོ་དེ་ནི་རྒྱ་གར་གྱི་གྲོང་ཁྱེར་ཨི་ལཱ་བཱཌ་དང་། Allahabad ཨུཇ་འཇེན། Ujjain དེ་བཞིན་ཧཱ་རི་ཌ་ཝར། Haridwar ནཱ་སིག Nasik བཅས་སུ་ལོ་གསུམ་རེའི་མཚམས་གྲོང་ཁྱེར་དེ་གསུམ་ནང་ཐེངས་རེ་འཚོགས་བཞིན་པའི་ཧིན་དུའི་ཆོས་ལུགས་ཀྱི་དུས་ཆེན་ཀུམ་བྷ་མེ་ལ་ Kumbh Mela ཞེས་ཆུ་མོ་གངྒ་དང་ཡ་མུ་ན་གཙང་པོ་གཉིས་མཉམ་དུ་འདུས་པའི་སངྒམ་གཙང་ཆུ་དང་། ས་ར་སི་ཝ་ཏི། སྒོ་དྷ་ཝ་རི། ཤིཔ་ར་བཅས་ཀྱི་གཙང་པོ་རྒྱུག་ཡུལ་གྱི་གྲོང་ཁྱེར་ཆེ་ཁག་བཞིའི་ནང་ཚུགས་སྲོལ་ཡོད།
ཐེངས་འདིའི་འདུ་འཛོམས་དེ་ནི་སྒོ་དྷ་ཝ་རིའི་གཙང་པོ་རྒྱུག་ཡུལ་ན་སིཀ་གྲོང་ཁྱེར་གྱི་ནང་ཚུགས་བཞིན་པའི་ཀུམབྷ་མེ་ལཱ་དེའི་ཐོག་མི་གྲངས་འབུམ་བརྒྱ་བརྒལ་བ་འདུ་འཛོམས་བྱ་རྒྱུའི་ཚོད་དཔག་བྱེད་བཞིན་འདུག ཀུམ་བྷ་མེ་ལ་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟ་གསོལ་འདེབས་ཞུས་དོན་ལྟར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གོང་ཚེས་ཉིན་ཆིབས་བསྒྱུར་བསྐྱངས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧིན་དུའི་ཆོས་ཕྱོགས་འདུ་འཛོམས་ཆེན་མོ་འདིའི་སྐབས་གཙོ་བོ་ཧིན་དུའི་བླ་ཆེན་སོ་མི་ཀར་ཤི་ནི་ Swami Karshni Guruasharanandaji Maharaj མཆོག་དང་མཁས་དབང་ཁག་མཇལ་འཕྲད་དང་དེ་བཞིན་ཆོས་ཕྱོགས་ཀྱི་རྩ་རླུང་ཉམས་ལེན་སྤྱི་དང་ལྷག་པར་དུ་གཏུམ་མོའི་ཉམས་ལེན་སོགས་ཀྱི་ཐད་བཀའ་བསྡུར་དང་བགྲོ་གླེང་། དེ་ཞིང་ལོ་ངོ་སྟོང་ཕྲག་མང་པོའི་རིང་རྒྱ་གར་ནང་དར་བའི་རིན་ཐང་ཅན་གྱི་ལྟ་གྲུབ་སྤྱི་དང་ལྷག་པར་དུ་འཚེ་མེད་ཞི་བའི་ལྟ་གྲུབ་མི་ཉམས་རྒྱུན་འཛིན་དགོས་སྐོར་གྱི་བཀའ་སློབ་སོགས་མཛད་རྒྱུ་མ་ཟད་ཧིན་དུའི་བླ་ཆེན་རྣམ་པའི་ལྷན་དུ་འཛམ་གླིང་ཞེ་བདེ་ཡོང་བའི་ཐུགས་སྨོན་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༣༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧིན་དུའི་ཆོས་ཕྱོགས་འདུ་འཛོམས་ཆེན་མོར་༧ཞབས་སོར་འཁོད་དེ་ཧིན་དུའི་བླ་ཆེན་སོ་མི་ཀར་ཤི་ནི་མཆོག་དང་ལྷན་ཤིང་སྣ་འདེབས་འཛུགས་དང་གསོལ་འདེབས་སྨོན་ལམ་མཛད་ཡོད་པ་མ་ཟད་བླ་ཆེན་རྣམ་པ་དང་ལྷན་དུ་དྲི་བ་དྲིས་ལན་གྱི་ལམ་ནས་བགྲོ་གླེང་མཛད་པ་དང་གསར་འགོད་ལྷན་ཚོགས་བསྐྱངས་ཏེ་ཁོང་རྣམ་པའི་དྲི་བར་བཀའ་ལན་སྩལ་ཡོད་འདུག །