ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༣ དང་ ༡༤ བཅས་ཉིན་གྲངས་གཉིས་རིང་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་ Moscow ཚོགས་པའི་ནང་པའི་ཤེས་ཡོན་དང༌། བཟང་སྤྱོད། སྒྱུ་རྩལ་ Buddhist Education, Ethics and Art ཞེས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནང་མཉམ་ཞུགས་གནང་འདུག
དེ་ཡང་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོར་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཨུ་རུ་སུ་གཞུང་གིས་ནང་ཆོས་ཀྱིས་གཙོས་ཆོས་ལུགས་ཁག་གི་རིག་གཞུང་དང་བཟང་སྤྱོད་སྐོར་མཐོ་རིམ་སློབ་གྲྭ་ཁག་གི་ནང་ངོ་སྤྲོད་གནང་བར་བསྔགས་བརྗོད་དང་སྦྲགས། ལས་གཞི་འདི་ནི་འཛམ་གླིང་ཁྱོན་ཡོངས་ལ་མིག་དཔེ་བཟང་པོ་ཞིག་ཡོང་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་ཁོང་གིས་ཨུ་རུ་སུའི་ནང་སྙན་གྲགས་ཆེ་བའི་ནང་པ་དང་བོད་རིག་པའི་སློབ་གྲྭའི་ངོས་ནས་རྒྱ་གར་ནང་གི་ནང་པའི་སློབ་གཉེར་ཁང་དེ་ཚོ་དང་འབྲེལ་ལམ་ཟབ་ཏུ་བཏང་ནས་ཡར་རྒྱས་གཏོང་ཐབས་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
ཐེངས་འདིའི་ལྷན་ཚོགས་ནི་ Academy for Advanced Studies and Retraining of Educators (AASRE) ཞེས་པ་དང་། the State Museum of Oriental Art ཞེས་པའི་བསྟི་གནས་ཁང་ཁག་གཉིས་ཀྱི་ནང་ཚོགས་ཡོད་འདུག
ལྷན་ཚོགས་འདི་བཞིན་ཨུ་རུ་སུའི་ཚན་རིག་སློབ་གཉེར་ཁང་ Institute of Oriental Studies (Russian Academy of Science – RAS) དང༌། the State Museum of Oriental Art ཞེས་པའི་གཞུང་གཉེར་འགྲེམས་སྟོན་ཁང༌། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཧི་མཱ་ལ་ཡའི་ཉམས་ཞིབ་དང་རིག་གཞུང་ཐེབས་རྩ་ཁང་ the Himalayan Research and Cultural Foundation བཅས་ཐུན་མོང་གིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག ལྷན་ཚོགས་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་ཨུ་རུ་སུའི་ཤེས་རིག་བློན་ཆེན་མཆོག་ཕེབས་འདུག
ལྷན་ཚོགས་སྐབས་ཚན་རིག་པ་གྲགས་ཅན་དང་མཁས་དབང་། ཉམས་ཞིབ་ཁང་ཁག་གི་གཙོ་འཛིན། ནང་པའི་མནའ་བོའི་རིག་གཞུང་སྐོར་གྱི་ཕྱག་དེབ་རྩོམ་པ་པོ། ཨུ་རུ་སུའི་ནང་པའི་གསར་ཤོག་གི་རྩོམ་སྒྲིག་པ་སོགས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཀོ་རི་ཡ་དང་། ཀམ་བོ་ཌི་ཡ། བངྒ་ལཱ་དེཤ། ཇར་མན། ཁེ་ན་ཌ། ཡུཀ་རེན་བཅས་སོགས་ཀྱི་སྐུ་མགྲོན་རྣམ་པས་ཀྱང་ལྷན་ཚོགས་སུ་མཉམ་ཞུགས་གནང་འདུག་པ་བཅས།།