༢༠༡༥ ཟླ་ ༨ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་ལ་རང་བཙན་ཐོབ་ནས་མི་ལོ་ ༦༩ འཁོར་བའི་ཉིན་མོ་སྲུང་བརྩི་དང་སྦྲགས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གཞུང་དམངས་ལ་འཚམས་འདྲི་ཞུས་ཡོད།
དེ་ཉིན་ཞོགས་པ་ཆུ་ཚོད་ ༩ ཐོག་བཀའ་ཤག་གི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་དང་དྲུང་འཕར་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ཚང་འཛོམས་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་གནང་བ་དང་སྦྲགས། རྒྱ་གར་གྱི་རྒྱལ་གླུ་བླངས་ཏེ་དུས་ཆེན་སྲུང་བརྩི་ཞུས་ཡོད།
དེ་རྗེས་སྲིད་སྐྱོང་མཆོག་གིས་བཀའ་ཤག་མདུན་ཐང་དུ་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་དང་ལྷན། རྒྱ་གར་ལ་རང་བཙན་ཐོབ་ནས་མི་ལོ་ ༦༩ འཁོར་བའི་དུས་ཚིགས་འདིར་འཚམས་འདྲི་ཞུས་དོན། རྒྱ་གར་རང་བཙན་ཐོབ་ནས་ལོ་ ༦༩ འཁོར་བའི་དུས་ཆེན་གྱི་ཉིན་མོར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དམངས་གཉིས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཡོད་ཅེས་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་དབྱིན་ཇིའི་འོག་རང་བཙན་ཐོབ་པ་ནས་བཟུང་རྒྱ་གར་རྒྱལ་ཁབ་དེ་བཞིན་ཡར་རྒྱས་དང་། ཉེ་བའི་ཆར་དཔལ་འབྱོར་ཐོག་ནས་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་པ་དང་། འཛམ་གླིང་ནང་ནུས་སྟོབས་ལྡན་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཉེ་ལམ་སྲིད་བློན་ནཱ་རིན་དྷ་མོ་དྷི་མཆོག་ཕྱིའི་རྒྱལ་ཁབ་ཁག་མང་པོ་ཞིག་གི་ནང་ཕྱོགས་ཕེབས་གནང་སྟེ་ཕྱི་འབྲེལ་ཐོག་ནས་འབྲེལ་བ་ཧ་ཅང་བཟང་དུ་བཏང་བ་བཞིན་རྒྱལ་སྤྱིའི་ཐོག་ནས་བསྔགས་བརྗོད་དང་སྦྲགས་ཆེ་མཐོང་ཆེན་པོ་ཐོབ་པ་འདིར་བོད་པ་ཞིག་ཡིན་པའི་ཆ་ནས་དགའ་ཚོར་ཆེན་པོ་སྐྱེས་བྱུང་། གང་ཡིན་ཟེར་ན་རྒྱ་གར་སྲིད་བློན་སུ་ཡིན་ནའང་རྒྱལ་སྤྱིའི་སྡིངས་ཆ་དེ་གོ་སྐབས་འཛིན་པའི་ཐོག་ནས་རྒྱ་གར་གྱི་ནུས་སྟོབས་སྤེལ་ཐུབ་པ་འདི་ཧ་ཅང་གལ་ཆེན་པོ་རེད་བསམས་ཀྱི་འདུག རྒྱལ་སྤྱིའི་ཕྱི་སྲིད་ཐོག་ལ་ཐུགས་སྣང་ཇི་ཙམ་མང་བ་གནང་བ་ཡིན་ན། རྒྱ་ནག་གི་སྲིད་བྱུས་རྣག་པོ་གང་འདྲ་ཡིན་པ་སོགས་མཁྱེན་པའི་ཐོག་ནས་བོད་དོན་ཐོག་དགོངས་པ་བཞེས་སྟངས་དང་། རྒྱབ་སྐྱོར་གནང་དང་གནང་མུས་བཞིན་ད་དུང་སྔར་ལྷག་ཡར་རྒྱས་ཐོག་འགྱུར་བ་འགྲོ་གི་རེད་བསམས་ཀྱི་འདུག སྲིད་བློན་ནཱ་རིན་དྷ་མོ་དྷི་མཆོག་གིས་དམ་འབུལ་ཞུས་པའི་ཉིན་ང་རང་བཅར་རྒྱུ་བྱུང་། ཉེ་ཆར་༸སྐུའི་གྱ་སྟོན་གྱི་ཉིན་མོར་རྒྱ་གར་དབུས་གཞུང་གི་བློན་ཆེན་གཉིས་ཆེད་དུ་མངགས་ནས་འདིར་ཕེབས་ཐུབ་པ་བྱུང་ཡོད།
ང་ཚོ་བོད་པའི་ལོ་རྒྱུས་ནང་རྡ་རམ་ས་ལར་རྒྱ་གར་གཞུང་གི་ཆེས་མཐོའི་དཔོན་རིགས་ཕེབས་ཐུབ་པ་བྱུང་བ་དེ་ཐེངས་དང་པོ་ཆགས་ཡོད། དེར་བརྟེན་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་ལྡི་ལི་དོན་གཅོད་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ལྡི་ལིར་སྲུང་བརྩི་ཞུ་སྐབས་ང་རང་བཅར་རྒྱུའི་གོ་སྐབས་བྱུང་། སྐབས་དེར་རྒྱ་གར་བློན་ཆེན་གཉིས་དང་གནད་ཡོད་མི་སྣ་མང་པོ་ཞིག་ཕེབས་འདུག གཞུང་ཚབ་ཁག་བཅུའི་ཆེས་མཐོའི་དཔོན་རིགས་དང་། གཞུང་ཚབ་ཁག་དྲུག་བཅུ་ཙམ་གྱི་ལས་བྱེད་མང་པོ་ཞིག་ཕེབས་ཐུབ་པ་བྱུང་སོང་། ༸སྐུའི་འཁྲུངས་སྐར་ལའང་གནད་ཡོད་མི་སྣ་མང་པོ་ཕེབས་པ་འདི་ཡང་དཀོན་པའི་གནས་སྟངས་ཤིག་ཆགས་འདུག རྒྱ་གར་གཞུང་ནས་ཕྱོགས་གང་སྤྱིའི་ཐོག་ང་ཚོར་རྒྱབ་སྐྱོར་གནང་གི་ཡོད། བོད་མིའི་སྒྲིག་འཛུགས་རྒྱ་གར་དུ་གནས་ཡོད་ལ། མི་འབོར་མང་ཤོས་ཀྱང་རྒྱ་གར་ནང་ཆགས་ཡོད། རྒྱ་གར་ལས་བཀའ་དྲིན་ཆེ་བ་སུ་ཡང་མེད། དེར་བརྟེན་རྒྱ་གར་གཞུང་དམངས་གཉིས་ལ་བསྐྱར་དུ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འཚམས་འདྲི་ཡོད་ཅེས་ཞུ་རྒྱུ་ཡིན། །ཞེས་གསུངས་རྗེས་གསར་འགོད་པའི་དྲི་བར་སྲིད་སྐྱོང་མཆོག་གིས་བཀའ་ལན་གནང་དོན། གཞི་རྩའི་ལོ་རེར་བཞུགས་སྒར་རྡ་རམ་ས་ལར་བཀའ་ཤག་གི་མདུན་ཐང་དུ་ང་ཚོས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་བྱེད་པ་དེ་མཇལ་ཡོང་བའི་སྐབས་སུ། རྒྱ་གར་ནང་ཚར་ལོངས་བྱེད་མཁན་ཞིག་ཡིན་པར་བརྟེན་དགའ་སྤོབས་ཆེན་པོ་རང་བཞིན་གྱི་ཡོང་གི་འདུག དེ་བཞིན་ཆུང་དུས་སྐབས་དྲན་གསོས་པ་ཞིག་ལ་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་དང་རྒྱ་གར་མང་གཙོའི་དུས་ཆེན་ཉིན་གྱི་མཛད་སྒོ་འཚོགས་སྐབས་རང་བཞིན་གྱི་དགའ་སྣང་ཞིག་ཡོང་གི་འདུག དེ་བཞིན་རྒྱ་གར་རང་བཙན་ཐོབ་པའི་ཉོན་མོར་རྒྱལ་དར་བསྒྲེངས་འཛུགས་བྱས་པ་བཞིན། བོད་ནང་གི་བོད་མི་ཚོ་གཙོས་པའི་བོད་མི་ཚོའི་མངོན་འདོད་ཡོད་པ་བཞིན་ང་རང་ཚོའི་རྒྱལ་དར་འདི་བཞིན་ཕོ་བྲང་ཆེན་པོ་པོ་ཏ་ལའི་ཡང་རྩེར་ཉིན་གཅིག་བསྒྲེང་རྒྱུའི་དུས་ཚོད་ཅིག་མགྱོགས་མྱུར་འཆར་བའི་སྨོན་ལམ་ཞུ་གི་ཡོད། དེ་བཞིན་དེ་ལྟར་འཆར་བའི་དུས་ཤིག་ཡོང་བར་འབད་བརྩོན་བྱ་དགོས་རེད་བསམས་པའི་ཐོག་ནས་ལོ་ལྟར་བཞིན་དྲན་གསོ་དང་སྦྲགས། ང་རང་ཚོའི་སྙིང་སྟོབས་དང་དམ་བཅའ་དེ་བཞིན་བརྟན་དུ་གནས་པའི་རེ་བ་ཞུ་གི་ཡོད། ང་ཚོ་བོད་མི་ཡིན་པའི་ཆ་ནས་མངོན་འདོད་གཙོ་བོ་དེ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་བོད་ནང་གདན་འདྲེན་ཞུ་རྒྱུ་དེ་རེད་ཞུ་རྒྱུ་ཡིན། ཞེས་བཀའ་ལན་གནང་རྗེས་བཀའ་ཤག་ནང་ལྷན་འཛོམས་ཐོག་རྟེན་འབྲེལ་གསོལ་ཇ་དང་མངར་ཟས་གཤམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་འཚམས་འདྲིའི་མཛད་སྒོ་གྲོལ། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ཀ་ཆ་རིར་རྒྱ་གར་རང་བཙན་ཉིན་མོའི་དུས་ཆེན་གྱི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་བ་བཅས། །