༢༠༡༥ ཟླ་ ༨ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་གོ་སྒྲིག་ཚན་པའི་བཀོད་སྒྲིག་ལྟར། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་སྟངས་སྐོར་གྱི་ཟབ་ཁྲིད་པར་ཟབ་སྦྱོང་མཇུག་སྒྲིལ་གནང་འདུག ཕྱི་དྲིལ་ལས་ཁུངས་ནས་ཟབ་སྦྱོང་འདི་བཞིན་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། དབུ་མའི་ལམ་གྱི་བྱུང་རིམ་དང་ངོ་བོ། ཐབས་ལམ་སྐོར་སློབ་ཕྲུག་ཕན་ཚུན་དབར་བགྲོ་གླེང་བརྒྱུད་གོ་རྟོགས་གོང་སྤེལ་གཏོང་ཆེད་ཡིན་འདུག
དེ་ཡང་ཟབ་སྦྱོང་ཐོག་སྦེལ་ཀོབ་བོད་ཁྱིམ་གྱི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་ཕྲུག་གྲངས་ ༢༤ མཉམ་ཞུགས་གནང་ཡོད་པ་དང་། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་སྤྱི་དོན་གྲུབ་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་དབུ་འབྱེད་དང་སྦྲགས་ལམ་སྟོན་གསུང་བཤད་གནང་ཡོད། ཟབ་སྦྱོང་མཇུག་བསྡོམས་སྐབས་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་ཆེ་རྣམ་གཉིས་གདན་ཞུས་ཀྱིས་ཟབ་སྦྱོང་ནང་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་རྣམས་ལ་ཕྱག་འཁྱེར་དང་མཇལ་དར་གནང་ཡོད། དེ་རྗེས་དགེ་ཆེ་རྣམ་རྒྱལ་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་མཇུག་བསྡོམས་ཀྱི་གསུང་བཤད་གནང་གྲུབ་མཚམས། ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་གོ་སྒྲིག་ཚན་པའི་འབྲེལ་མཐུད་པས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཟབ་སྦྱོང་མཇུག་སྒྲིལ་གནང་འདུག ཟབ་ཁྲིད་གནང་མཁན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་བྱེད་སྐལ་ལྡན་མཚོ་མོ་ ལགས་དང་། བསྟན་འཛིན་བྱམས་ཆེན་ལགས་རྣམ་གཉིས་ཡིན་འདུག