༢༠༡༥ ཟླ་ ༨ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཧི་མ་ཅཱལ་བྷ་ཝན་ HimachalBhavan ཞེས་པའི་ནང་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་ལྷན་འཛོམས་ཀྱིས་བོད་ཀྱི་གནད་དོན་སྐོར་ལྷན་ཚོགས་གནང་འདུག
ལྷན་ཚོགས་ཐོག་རྒྱ་གར་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཁག་དྲུག་གི་སྐུ་ཚབ་མཉམ་ཞུགས་གནང་ཡོད། སྐབས་དེར་བོད་མིའི་སྐུ་ཚབ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་ཨཙྱཱ་ཡེ་ཤེས་ཕུན་ཚོགས་ལགས་མཉམ་ཞུགས་གནང་འདུག
དེ་ཡང་ལྷན་ཚོགས་གཙོ་སྐྱོང་བ་སྐུ་ཞབས་ཤན་ཏ་ཀུ་མཱར་ Shanta Kumar མཆོག་གིས་ཚོགས་མི་རྣམས་ལ་འཚམས་འདྲིའི་གསུང་བཤད་གནང་བ་དང་ཆབས་ཅིག་ལས་རིམ་གཞིར་བཟུང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་གསུང་བཤད་གནང་རྒྱུའི་རེ་སྐུལ་ཞུས་པ་ལྟར། སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་རྒྱུར་དམིགས་ཏེ་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས་ཀྱི་ངོ་སྤྲོད་ཁ་གསལ་གནང་ཡོད།
ལྷན་ཚོགས་ཐོག་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཤན་ཏ་ཀུ་མཱར་ShantaKumarམཆོག་གིས་སྣེ་ཁྲིད་འོག་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་འཐུས་མི་ལྕམ་སྐུ་མེན་ནི་ཀ་གྷན་དི་ Maneka Gandhi མཆོག་དང་། ཇ་ན་ཏ་ཌཱལ་ཆིག་སྒྲིལ་ཚོགས་པའི་ JDU འཐུས་མི་སྐུ་ཞབས་བྷ་ཤི་སི་ཏ་ན་ར་ཡན་སིངྒ་ Bashista Narain Singh མཆོག། སྐུ་ཞབས་ནི་ནོངྒ་ཨི་རིངྒ་ Ninong Ering མཆོག། ལྕམ་སྐུ་ཀ་ཝི་ཏ་ Kavita མཆོག སྐུ་ཞབས་བྷ་གྷཏ་སིངྒ་ཀོ་ཤི་ཡ་རི་ Bhagat Singh Koshyari མཆོག སྐུ་ཞབས་ཨུ་དི་ཏ་རཱཇ་ Dr. Udit Raj མཆོག ལྕམ་སྐུ་ཀ་ནཀ་ལ་ཏ་སིངྒ་ Kanak Lata Singh མཆོག སྐུ་ཞབས་ཨ་རུན་ཀུ་མཱར་ Dr. Arun Kumar མཆོག་བཅས་མཉམ་ཞུགས་གནང་འདུག
ལྷན་ཚོགས་སྐབས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གཞུང་གིས་དུས་རབས་ ༢༡ ནང་དུའང་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཚབས་ཆེ་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། བོད་མིའི་ངོ་བོ་རྩ་མེད་ཤུལ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དེར་བློ་འཚབ་ཡོད་སྐོར་གསུངས་པ་དང་ལྷན། འབྱུང་འགྱུར་ཡང་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་དང་གླེང་སློང་གནང་རྒྱུའི་ཁས་ལེན་གནང་འདུག