ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༢ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་བོད་ཀྱི་སྒྲ་བརྙན་ཚན་པས་བཟོ་བསྒྲིགས་གནང་བའི་དབུ་མའི་ལམ་གྱི་སྐོར་འོད་སྡེར་དང་། ལག་ཐོག་ཁ་པར་དང་དྲ་རྒྱའི་ནང་གཟིགས་བདེའི་བོད་ཀྱི་བརྙན་འཕྲིན་གྱི་མཉེན་ཆས་གསར་པ་ཞིག་དབུ་འབྱེད་ཀྱི་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་དང་། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༤༠ ཙམ་མཉམ་འཛོམས་ཐོག ཐོག་མར་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཐེངས་འདིའི་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་དགོས་དོན་སྐོར་ངོ་སྤྲོད་གསུང་བཤད་དང་། དེ་རྗེས་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བའི་འོད་སྡེར་དང་། ལག་ཐོག་ཁ་པར་དང་དྲ་རྒྱའི་ཁག་གི་ནང་བོད་ཀྱི་བརྙན་འཕྲིན་བལྟ་བདེའི་མཉེན་ཆས་གསར་པ་དབུ་འབྱེད་གནང་སྟེ་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དང་དྲིལ་བསྒྲགས་དྲུང་ཆེ་རྣམ་གཉིས་དང་། དྲུང་འཕར་འཇིགས་མེད་ལགས་ཀྱིས་གཙོས་བོད་ཀྱི་སྒྲ་བརྙན་ཚན་པ་ནང་ཕྱག་ལས་གནང་མཁན་སྲི་ཞུ་བ་རྣམ་པ། དེ་བཞིན་གསར་འགོད་པ་བཅས་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དབུ་མའི་ལམ་གྱི་སྐོར་ལས་འགུལ་སྤེལ་ཏེ་ལོ་གཉིས་ལྷག་ཙམ་འགྲོ་གི་ཡོད།
དེ་སྔ་འཆར་འགོད་ལས་ཁུངས་ནས་ས་གནས་ཁག་གསུམ་ཙམ་ནང་ཞིབ་འཇུག་བྱས་པའི་སྙན་ཐོའི་ནང་བོད་མིའི་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་སྐོར་གོ་རྟོགས་ཡོད་མཁན་བརྒྱ་ཆ་ ༥༡ ཡོད་པ་དང་། དེ་མིན་བརྒྱ་ཆ་ ༤༩ ཡི་དབུ་མའི་ལམ་གྱི་སྐོར་དེ་ཙམ་ཤེས་ཀྱི་མིན་འདུག་ཅེས་སྙན་ཐོའི་ནང་འཁོད་ཡོད། རྩ་བའི་མི་མང་ཉུང་ཤས་ལ་མ་གཏོགས་ཞིབ་འཇུག་བྱེད་ཐུབ་མེད་ནའང་། བཀའ་ཤག་གིས་འགན་འཁུར་བའི་ཐོག་ནས་ཕྱི་ལོ་ ༢༠༡༤ ཟླ་ ༦ ནང་གསར་འགོད་ལྷན་ཚོགས་བསྐོང་བའི་བརྒྱུད་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་དབུ་མའི་ལམ་སྐོར་ཁྱབ་བསྒྲགས་ཤུགས་ཆེ་ཕྱིན་ཡོད། ཕལ་ཆེར་འཛམ་གླིང་ནང་སྙན་གྲགས་ཆེ་བའི་བརྙན་འཕྲིན་དང་། རླུང་འཕྲིན། ཚགས་པར་མང་ཆེ་བའི་ནང་དབུ་མའི་ལམ་གྱི་སྐོར་ཁྱབ་བསྒྲགས་ཤུགས་ཆེ་བྱུང་ཡོད།
དེ་བཞིན་ཕྱི་དྲིལ་ལས་ཁུངས་ནས་དབུ་མའི་ལམ་དང་འབྲེལ་བ་ཡོད་པའི་བརྙན་འཕྲིན་དང་དྲ་རྒྱ། རྒྱ་ཡིག་དང་། ཨིན་ཡིག ཇར་མན་སྐད་ཡིག་སོགས་སྐད་ཡིག་འདྲ་མིན་ནང་ཁྱབ་བསྒྲགས་བྱས་པ་དེ་ང་རང་ལྡི་ལིར་ཕྱིན་པའི་སྐབས་སུ་གཞུང་ཚབ་ཁག་གི་མི་སྣ་ཚོ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱིན་པའི་སྐབས་སུ་གནད་ཡོད་མི་སྣ་མང་པོས་དབུ་མའི་ལམ་གྱི་སྐོར་མཐོང་བྱུང་ཞེས་བརྗོད་མཁན་བྱུང་སོང་བར་བརྟེན། དབུ་མའི་ལམ་གྱི་སྐོར་ལས་གཞི་འདི་ང་ཚོའི་དམིགས་ཡུལ་ལྟར་གྲུབ་འབྲས་གང་ལ་གང་འཚམ་ཐོན་པ་གསལ་པོ་རེད་འདུག རྒྱལ་སྤྱིའི་སྡིངས་ཆའི་ཐོག་དབུ་མའི་ལམ་གྱི་སྐོར་མཁྱེན་རྟོགས་ཡོང་ཆེད་ཨིན་སྐད་ཐོག་བརྙན་འཕྲིན་ཐུང་ཐུང་ཞིག་འགྲེམས་སྤེལ་ཞུས་པ་རེད། བརྙན་འཕྲིན་དེའི་ནང་མཁས་དབང་སློབ་དཔོན་ཆེན་པོ་ Prof.Bob Thurman ལགས་དང་། Prof.Anand Kumar ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་མང་པོ་ཞིག་གིས་ཨིན་སྐད་ཐོག་དབུ་མའི་ལམ་སྐོར་ངོ་སྤྲོད་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་གསལ་པོ་གསུངས་ཡོད།
དེའི་རྗེས་སུ་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ་བཅས་བཙན་བྱོལ་བོད་མིའི་གཞིས་ཆགས་ཡོངས་དང་། དགོན་སྡེ། སློབ་གྲྭ་ཁག་ཏུ་བཅར་ནས་དབུ་མའི་ལམ་གྱི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་ཡོད། དེ་དང་མཉམ་དུ་བོད་སྐད་ནང་བརྙན་འཕྲིན་ཞིག་དགོས་ཀྱི་འདུག་ཅེས་བཀའ་བསྡུར་བྱུང་བ་བཞིན། ད་རེས་ཕྱི་དྲིལ་ལས་ཁུངས་ངོས་ནས་བོད་སྐད་ཐོག་དབུ་མའི་ལམ་གྱི་སྐོར་འོད་སྡེར་ཞིག་བཟོ་བསྒྲིགས་གནང་ཡོད། འོད་སྡེར་འདིའི་ནང་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པས་དབུ་མའི་ལམ་གྱི་སྐོར་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ། དེ་བཞིན་དབུ་མའི་ལམ་ལ་བོད་ནང་ནས་རྒྱབ་སྐྱོར་ཡོད་པའི་རྣམ་པ་དེ་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་དང་། གྲྭ་བག་གྲོ་ལགས། མགོ་ལོག་འཇིགས་མེད་ལགས་སོགས་ལ་བཀའ་འདྲི་ཞུས་ཏེ་ཁོང་ཚོའི་དགོངས་ཚུལ་ཁག་འོད་སྡེར་འདིའི་ནང་ཚུད་ཡོད། འོད་སྡེར་འདི་བརྒྱུད་བོད་མིའི་སྤྱི་ཚོགས་ནང་གོ་རྟོགས་མང་དུ་འགྲོ་བ་དང་ཕྱོགས་མཚུངས། གོ་རྟོགས་གཏིང་གཟབ་དུ་འགྲོ་བའི་རེ་བ་ཡོད།
གཞན་ཡང་བོད་ཀྱི་དྲ་བརྙན་དང་འབྲེལ་བའི་ཐོག་ནས་ཞུས་ན། ད་བར་ Tibetonlinetv ཟེར་གྱི་ཡོད་རེད། ད་རེས་ tibet tv apps བོད་ཀྱི་བརྙན་འཕྲིན་ཞེས་མཉེན་ཆས་ཤིག་གསར་བཟོ་གནང་དགོས་དོན་ནི། དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་དང་བརྙན་འཕྲིན་གཟིགས་མཁན་མང་དུ་འགྲོ་བཞིན་ཡོད་པར་བརྟེན། དེང་དུས་དང་མཐུན་པའི་ལག་ཐོག་ཁ་པར་ནང་གཟིགས་རྒྱུར་སྟབས་བདེ་བོ་ཡོང་ཆེད་ Apps མཉེན་ཆས་འདི་བཟོས་པ་ཞིག་རེད། དེར་བརྟེན་འབྲེལ་ཡོད་ལས་བྱེད་ཡོངས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་གྲུབ་མཚམས་གསར་འགོད་པའི་འདྲི་བ་ཁག་ལ་ལན་འདེབས་གནང་། དེ་རྗེས་ཕྱི་དྲིལ་བོད་ཀྱི་སྒྲ་བརྙན་ཚན་པའི་འགན་འཛིན་དྲུང་འཕར་འཇིགས་མེད་ཚེ་རིང་ལགས་ཀྱིས་མཉེན་ཆས་གསར་པ་དེའི་ནང་སྡེ་ཚན་མི་འདྲ་བ་གང་དང་གང་ཡོད་པ་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་སོང་བ་མ་ཟད། ད་ཆ་བོད་ཀྱི་བརྙན་འཕྲིན་འདི་བཞིན་ཕྱོགས་གང་ས་ནས་སྟབས་བདེ་པོའི་ཐོག་ནས་གཟིགས་བདེའི་ཆེད་ལག་འཁྱེར་ཁ་པར་དང་ལག་འཁྱེར་འཕྲུལ་ཆས་གཞན་ཁག དེ་བཞིན་དྲ་རྒྱ་ཁག་གི་ནང་བལྟ་བདེ་བ་ཡོང་གི་ཡོད་པ་སོགས་ཀྱི་ངོ་སྤྲོད་གནང་བ་དང་ཕྱོགས་མཚུངས། བོད་སྐད་ནང་ཡོད་པའི་དབུ་མའི་ལམ་གྱི་གློག་བརྙན་གསར་བཟོ་གནང་བ་དེ་བསྟན་རྗེས་ལས་རིམ་མཇུག་སྒྲིལ། །