༢༠༡༥ ཟླ་ ༨ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༨ ཚེས་ ༨ ནས་ཉིན་གཉིས་རིང་རྒྱལ་ས་ཁྭེན་བྷེ་རར་ཨོ་སི་ཊོ་ལི་ཡའི་བོད་མིའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་ཐོག་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་སྐབས་གསུམ་པའི་འགན་འཛིན་ལྷན་ཚོགས་བསྐོང་ཚོགས་གནང་སྟེ་ཚོགས་འདུའི་གནང་སྒོ་ཁག་ཕུན་གསུམ་ཚོགས་པོའི་ཐོག་ནས་ལེགས་གྲུབ་བྱུང་འདུག
དེ་ཡང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་སྐུ་ཞབས་ལྷག་པ་མཚོ་སྒོ་ལགས་ཀྱིས་དོན་གཅོད་ཀྱི་ཐུགས་འགན་བཞེས་ནས་དུས་ཡུན་ལོ་གཅིག་ལྷམ་ཙམ་རིང་། ༡) གནས་ཡུལ་རྒྱལ་ཁབ་ཀྱི་སྲིད་གཞུང་དང་གྲོས་ཚོགས། ༢)རྒྱལ་ཡོངས་བོད་དོན་ཚོགས་པ་ཁག ༣)རྒྱ་རིགས་ཤེས་ཡོན་ཅན་དང་། མང་གཙོ་དང་རང་དབང་དོན་གཉེར་གྱི་སྒྲིག་འཛུགས། མི་སྒེར་དང་སློབ་ཕྲུག ༤) ཨོ་གླིང་རྒྱལ་ཡོངས་བོད་རིགས་ཚོགས་པ་ཁག་བཅས་ལ་འབྲེལ་བ་དམ་ཟབ་གནང་སྟེ་སྔར་ཡོད་ལས་དོན་སྲ་བརྟན་དང་དུས་བསྟུན་ཡར་རྒྱས་ལ་སྨན་པའི་གང་དགེའི་འགན་འཁུར་ཆེན་པོ་ཞིག་བཞེས་ཡོད་པའི་ཉམས་མྱོང་དངོས་ཀྱི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀྲིན་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན། གཞིས་བྱེས་བོད་མིའི་རྩ་དོན་ལངས་ཕྱོགས་སྲ་བརྟན་བཅས་ཡོད་པར་བརྟེན་ནས་གོང་གསལ་ཁྱབ་ཁོངས་ཁག་བཞིའི་ནང་བོད་དོན་ཐད་དགའ་སྤོབས་སྐྱེ་འོས་པའི་རྒྱབ་སྐྱོར་ཤུགས་ཆེར་འགྲོ་བཞིན་ཡོད་པ་ངོ་སྤྲོད་གནང་བ་དང་། ཡང་རང་རེ་བོད་རིགས་ཚོགས་པ་ཁག་དང་མི་མང་ལ་གནས་ཡུལ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ནང་ད་དུང་གོ་སྐབས་དམ་འཛིན་དང་། བོད་རིགས་མཐུན་ཚོགས་ཁག་ཕྱི་གཙང་ནང་གཙང་ཡོང་ཐབས། རང་རེའི་བུ་ཕྲུག་གི་ཤེས་ཡོན་དང་བོད་མིའི་བཟང་སྤྱོད་ཁག་གཅེས་འཛིན། བོད་མི་གསར་དུ་གཞིས་ཆགས་ཀྱི་རྩ་ཆེའི་ལས་གཞི་རྒྱུན་འཁྱོངས་དང་ཁོང་ཚོར་སྣེ་ལེན་དང་འཚོ་སྡོད་ལས་དོན་ཡར་རྒྱས་སོགས་གཞི་རྩའི་ལས་དོན་འགའ་ཞིག་ཐད་དམིགས་བཀར་ཤུགས་སྣོན་རྒྱག་ཐབས་སྐོར། ཨོ་གླིང་དུ་འབྱོར་བ་མང་ཆེ་བ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བསལ་གཟིགས་སྐྱོང་གི་ལས་འཆར་ཞིག་ལ་བརྟེན་ནས་འབྱོར་བར་བརྟེན་ཆབ་སྲིད་དང་བཟང་སྤྱོད་གང་ཐད་དམིགས་བསལ་འགན་ཁྲི་ཡོད་པ། ཨོ་གླིང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སྲ་བརྟན་གོང་འཕེལ་སླད་བོད་མི་རང་ངོས་ནས་འགན་འཁུར་ལེན་ཐབས། ལྷག་པར་འཕྲད་བཞིན་པའི་དཀའ་ངལ་དང་ལྷགས་བཞིན་པའི་གནད་དོན་ལ་རང་གཟོན་བྲལ་ཞིང་སྦ་གསང་མེད་པའི་ལེགས་སྤེལ་ཉེན་འགོག་གི་ལམ་སྟོན་དང་དགོངས་འཆར་ལྷུག་གླེང་གནང་བར་ཚོགས་ཞུགྶ་ཡོངས་ལ་སེམས་འགུལ་དང་སྐུལ་ལྕག་ཆེན་པོ་བྱུང་ཡོད།
སྐབས་གསུམ་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ནེ་རྒྱན་ལགས་ཀྱིས་དབུས་རྒྱུན་གྱི་ལས་དོན་གྲུབ་འབྲས་སྙན་ཞུ་དང་འབྲེལ་གཙོ་བོ་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨོ་གླིང་བོད་མི་སེར་སྐྱ་ཡོངས་ནས་བརྟན་བཞུགས་གསོལ་འདེབས་སྐབས་ཕུལ་བའི་དམ་བཅའ་ཁག་བསམ་སྦྱོར་གཉིས་ཀྱིས་ཉམས་ལེན་དགོས་པ་དང་། སྔ་རྗེས་བཞག་པའི་གྲོས་ཆོད་དང་སྒྲིག་སྲོལ་ཁག་ལ་སྲུང་བརྩི། རྒྱ་གཞུང་གི་ལྐོག་གཡོ་དང་དོལ་རྒྱལ་རྗེས་འབྲངས་པའི་བོད་བསྟན་སྲིད་ལ་ལོག་པར་འཁུ་བའི་ངན་གཡོ་ཁག་ལ་ཁྲིམས་མཐུན་གདོང་ལེན་ཞུ་ཐབས་སོགས་སྤྱི་སྒེར་གང་ཐད་ནས་ཡིད་ཟབ་ལྷོད་མེད་ཞུ་དགོས་ངེས་ཀྱི་གནས་ཚུལ་ཐད་ནན་བསྐུལ་ཤུགས་
ཆེ་གནང་ཡོད།
དེ་ཉིན་ཚོགས་ཐུན་གཉིས་པ་ནས་ཕྱི་ཚེས་ ༩ ཉིན་གྱི་ཕྱེད་ཡོལ་བར་ཁྱོན་ཚོགས་ཐུན་བཞིའི་རིང་སྐུ་ཚབ་དོན་གཅོད་དབུ་བཞུགས་ཐོག་ ༡)བོད་རིགས་མཐུན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་དོན་དང་། གྲོས་ཆོད་ཁག་ལ་གྲོས་ཞིབ། ༢)ས་གནས་བོད་རིགས་མཐུན་ཚོགས་ཁག་གི་ལས་བསྡོམས་དང་ལས་འཆར་ཁག་ལ་གྲོས་ཞིབ། ༣)གནས་ཡུལ་རྒྱལ་ཁབ་ནང་བོད་མིའི་རྩ་དོན་ཆེད་ལས་འགུལ་སྤེལ་ཕྱོགས། ༤)གནས་ཡུལ་རྒྱལ་ཁབ་ནང་བོད་ཀྱི་ཆོས་དང་རིག་གཞུང་དང་མི་རིགས་སྲོལ་བཟང་རིན་ཐང་སྲུང་སྐྱོབ་ཞུ་ཐབས་སྐོར། ༥)རྒྱ་མི་རིགས་ཤེས་ཡོན་ཅན་དང་། མང་གཙོ་དང་རང་དབང་དོན་གཉེར་བའི་ཚོགས་སྡེ། སློབ་ཕྲུག་དང་མི་སྒེར་བཅས་པར་མཛའ་འབྲེལ་འཛུགས་སྐྱོང་སྐོར། ༦)གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་དང་ཡུལ་གོམས་གཤིས་ལུགས་ཀྱི་ཤེས་བྱ་གོང་སྤེལ་ཐོག་མི་སྡེའི་སྤྱི་ཚོགྶ་ཕྱོགས་ཡོངས་ལ་མཛའ་མཐུན་བསྐྲུན་ཐབས། ༧)རྒྱ་ནག་གཞུང་དང་འབྲེལ་ཡོད་མི་སྣ་དང་། ལོག་སྨོན་དོལ་རྒྱལ་རྗེས་འབྲངས་པས་བོད་བསྟན་སྲིད་ལ་བསམ་སྦྱོར་ངན་པའི་ཚུར་རྒོལ་ཤུགས་ཆེ་ཡོང་བཞིན་པར་ཁྲིམས་མཐུན་གདོང་ལེན་བྱེད་ཐབས། ༨)བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་ངེས་ཅན་བསྡུ་དངུལ། ལག་དེབ་སྔོན་པོའི་བསྡུ་དངུལ་བཅས་པ་ཚགས་ཚུད་ཡོང་ཐབས། ༩)རྒྱལ་ཁབ་ནང་ཁ་འཐོར་དུ་གནས་པའི་བོད་མིའི་བདེ་སྡུག་དང་གཞིས་ཆགས་གསར་པའི་ཐབ་བསུ་སྣེ་ལེན་དང་འཚོ་སྡོད་བཀོད་སྒྲིག་ཡར་རྒྱས་གཏོང་ཐབས། ༡༠)སྐུ་ཚབ་དོན་ཁང་དང་བོད་རིགས་མཐུན་ཚོགས་ཁག་བར་མཐུན་སྦྱོར་ནུས་ལྡན་ཡོང་ཐབས་སྐོར་བཅས་གྲོས་གཞི་དོན་ཚན་བཅུ་དང་འབྲེལ་བའི་ནང་གསེས་དོན་ཚན་གྲངས་བཞི་བཅུ་བརྒལ་བ་ཡོད་པར་གྲོས་ཞིབ་ནང་ལྷུག་ཏུ་ཞུས་ཏེ་དེ་ཉིན་ནས་ལག་བསྟར་གྱི་འགོ་འཛུགས་བྱ་རྒྱུ་སྤྱི་མོས་གྲོས་མཐུན་བྱུང་བ་དང་།
དེ་བཞིན་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་སྤྱིའི་སྒྲིག་གཞི་དང་འཛིན་སྐྱོང་སྒྲིག་གཞི་གཉིས་ལ་བསྐྱར་བཅོས། གཞན་ཡང་ད་རེས་ཀྱི་ལས་རིམ་གལ་ཆེ་ཞིག་ནི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་དང་། དོན་ཟུར་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་རྣམ་གཉིས་ནས་འོས་བསྡུ་གཙོ་སྐྱོང་གནང་སྟེ་སྐབས་བཞི་པའི་བོད་རིགས་མཐུན་ཚོགས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་དྲུང་ཆེ་འོས་འདེམས་གནང་བར་ནིའུ་ཁྭ་སལ་ས་གནས་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས་སྐབས་བཞི་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཚོགས་གཙོར་འོས་འདེམས་བྱུང་བ་དང་། ཁྭེན་བྷེ་རའི་ས་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་ཡེ་ཤེས་ལགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དྲུང་ཆེར་འོས་འདེམས་བྱུང་སྟེ་འོས་བསྡུའི་གཙོ་སྐྱོང་རྣམ་གཉིས་དང་ཚོགས་ཟུར་ནེ་རྒྱན་ལགས་དང་དྲུང་ཟུར་བསྟན་འཛན་ལྷ་མོ་ལགས། སྐུ་ཚབ་དོན་ཁང་། ཚོགས་ཞུགས་ཡོངས་བཅས་ནས་རྟེན་འབྲེལ་གྱི་མཇལ་དར་བསྒྲོན་ཏེ་བཀྲིས་བདེ་ལེགས་ཞུས་པ་དང་། ལེགས་གྲུབ་ལྡན་པའི་ངང་ལས་གནས་འཁྱུར་བ་ཚོགས་ཟུར་ནེ་རྒྱན་ལགས་དང་དྲུང་ཟུར་བསྟན་འཛིན་ལྷ་མོ་ལགས་གཉིས་ལའང་ལེགས་སྐྱེས་ཀྱི་མཇལ་དར་བསྒྲོན་ཞིང་སྐབས་གསར་རྙིང་གི་རྩིས་ལེན་རྩིས་སྤྲོད་ཀྱི་ཞུ་སྒོ་ཁག་ཕྱི་གསལ་ནང་གསལ་དང་ཁ་གསལ་ཁམས་དྭངས་བྱུང་ཡོད། དེ་རྗེས་གསར་དུ་འོས་འདེམས་བྱུང་བའི་སྐབས་བཞི་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས་ཀྱིས་ལས་འཁུར་གྱི་གསུང་བཤད་གནང་སྐབས་ཁོང་གི་མི་ཚེའི་འགྱུར་མེད་ཀྱི་དམ་བཅའ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོར་བླ་ན་མེད་པའི་དད་གུས་དང་། དབུས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་གཙང་མའི་གུས་བརྩི་གཉིས་གཅེས་པའི་སྲོག་ལྟར་དུ་བཟུང་སྟེ་མཉམ་འབྲེལ་དང་། ཡར་རྒྱས། ལས་འགུལ་བཅས་ལྟ་གྲུབ་གསུམ་ལ་བརྟེན་པ་དང་སྐུ་ཚབ་དོན་ཁང་ལ་མཐུན་སྦྱོར་སྔར་ལྷག་ཐོག་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ལས་དོན་ཁག་སྲ་བརྟན་ཡར་རྒྱས་ཡོང་བར་འབད་པ་ལྷོད་མེད་ཞུ་རྒྱུའི་དམ་བཅའ་ཕུལ་ཞིང་སྐུ་ཚབ་དོན་གཅོད་ནས་མཇུག་བསྡོམས་གསུང་བཤད་གནང་སྟེ་ཚོགས་འདུ་གྲུབ་འབྲས་ལྡན་པའི་ངང་གྲོལ་བ་རེད།
ད་དུང་དེ་ཉིན་འདི་ལོའི་ཕྱི་ཟླ་ ༦ པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨོ་སི་ཀྲོ་ལེ་ཡ་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཁྱབ་ཁོངས་སེར་སྐྱ་མི་མང་ནས་བརྟན་བཞུགས་གསོལ་འདེབས་སྐབས་མཆོད་སྤྲིན་འབུལ་དངོས་སུ་བསྟར་བའི་འབུལ་དངུལ་ཡོངས་རྫོགས་སྐུ་ཚབ་དོན་གཅོད་ཁང་ལ་ཕྱིར་སློག་གསོལ་སྩལ་བཀའ་དྲིན་ཆེ་བ་སྐུ་ཚབ་དོན་གཅོད་ཀྱིས་ཚོགས་ཆེན་ཐོག་དབུས་རྒྱུན་གསར་རྙིང་ཐུན་མོང་ལ་དངུལ་སྐར་གཅིག་ཆད་ལུས་མེད་པ་རྩིས་སྤྲོད་གནང་བར་ཚོགས་འདུའི་ཐོག་ས་གནས་ཁག་ལ་ཆ་བགོས་བྱེད་དང་དབུས་རྒྱུན་གྱི་མ་དངུལ་ལ་འཇོག་མིན་གྲོས་བསྡུར་ནང་ལྷུག་ཐོག་མཐའ་མ་འོས་བསྡུའི་ལམ་ནས་དབུས་རྒྱུན་མ་དངུལ་ཐོག་འཇོག་རྒྱུར་མང་མོས་ཐག་གཅོད་བྱུང་ཡོད།
ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་ནང་ས་གནས་བོད་རིགས་མཐུན་ཚོགས་བརྒྱད་ཡོད་པའི་ཁོངས་ཕར་ཐཱ་ས་གནས་ཚོགས་གཙོ་གཟུགས་གཞི་བདེ་མིན་གྱི་རྐྱེན་པས་ཚོགས་ཞུགས་ཐུབ་མེད་པ་ཕུད་དེ་མིན་སི་ཌ་ནི་དང་། མྭེལ་བྷོན། བྷི་སེ་བྷན། ཁྭེན་བྷེ་ར། ནིའུ་ཁྭ་སལ། ཨ་ཐི་ལེ་ཌི། ཐ་སི་མོ་ཎི་ཡ་བཅས་ཀྱི་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རེ་ཐེངས་དེའི་ཚོགས་འདུར་ཞུགས་ཡོད་པ་དང་། ད་དུང་བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་དང་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས། དོན་ཟུར་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་བཅས་ཆེད་དུ་གདན་ཞུ་ཕུལ་ཡོད་པ་དོན་ཟུར་ཨ་ཏི་ཤ་ལགས་ལྷན་ཚོགས་ལ་ཕེབས་ཏེ་ན་གཞོན་འགན་འཁུར་ཚོར་དགེ་ཕན་ལྡན་པའི་ཉམས་མྱོང་གི་བསླབ་བྱ་ཁག་ལྷུག་སྩོལ་དང་སྐུ་མགྲོ་གཞན་རྣམ་གཉིས་མཛད་བྲེལ་གྱིས་རྐྱེན་པས་ཚོགས་འདུར་ཕེབས་ཐུབ་མེད་པ་བཅས།།