ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་ཐུབ་བསྟན་ཕུན་ཚོགས་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༡༥ ཙམ་ལ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། བཀའ་ཤག་ནས་དམ་པ་ཁོང་གི་རྗེས་ཤུལ་ནང་མིར་ཐུགས་གསོའི་འཚམས་འདྲི་གནང་བ་དང་ཆབས་ཅིག་དམ་པ་དེ་ཉིད་ཀྱིས་ཚེ་རབས་ཕྲེང་བ་ནས་བསགས་པའི་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་ཐོབ་ཆེད། ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ཐོག་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སྲི་ཞུའི་ལས་བྱེད་རྣམས་ཚང་འཛོམས་ཐོག་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་བསོད་ནམས་བསྟན་འཛིན་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་བསྔོ་བ་སྨོན་ལམ་གསུང་འདོན་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཕྱི་དྲོ་ཆུ་ཚོད་ ༥ ནས་དབུས་ལས་ཁུངས་ཁག་ལས་མཚམས་བཞག་ཡོད།
དམ་པ་ཁོང་ནི། ཕྱི་ལོ་ ༡༩༤༧ ཟླ་ ༣ ཚེས་ ༢༥ ཉིན་ཏྲེ་ཧོར་དར་རྒྱས་སུ་སྐྱེས་ཤིང་། ཕྱི་ལོ་ ༡༩༥༩ ལོར་ལྷོ་ལམ་བརྒྱུད་མོན་ནས་མ་སུ་རིར་འབྱོར། མ་སུ་རི་གཏན་སློབ་ནས་འཛིན་གྲྭ་བརྒྱད་པ་ཐོན་རྗེས་ཤེས་རིག་ལས་ཁུངས་ནས་ལྡི་ལིར་ལས་སློབ་ཏུ་བཏང་། ཕྱི་ལོ་ ༡༩༦༦ ཟླ་ ༦ ཚེས་ ༡ ནས་གནས་དགུ་པ་ཤེས་རིག་ལས་ཁུངས་ཀྱི་སྐད་དྲུང་དང་། ཕྱི་ལོ་ ༡༩༦༦ ཟླ་ ༡༡ ཚེས་ ༢༥ ནས་མོན་གྷོ་གཞིས་ཆགས་ཀྱི་སྐད་དྲུང་གནང་། ཕྱི་ལོ་ ༡༩༧༥ ཟླ་ ༢ ཚེས་ ༡ ནས་གནས་བརྒྱད་པར་གནས་སྤར་གྱིས་ཀོ་ལི་གྷལ་བོད་མིའི་གཞིས་ཆགས་ཀྱི་མཉམ་དྲུང་གནང་།
ཕྱི་ལོ་ ༡༩༨༣ ཟླ་ ༡༢ ཚེས་ ༡ ནས་ལུགས་བསམ་གཞིས་ཆགས་ཀྱི་མཉམ་དྲུང་ལས་ཚབ་དང་། ཕྱི་ལོ་ ༡༩༨༥ ཟླ་ ༥ ཚེས་ ༡ ནས་གནས་བདུན་པར་གནས་སྤར་གྱིས་ལུགས་བསམ་གཞིས་ཆགས་ཀྱི་མཉམ་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༨༦ ཟླ་ ༡ ཚེས་ ༡༥ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན། ཕྱི་ལོ་ ༡༩༩༡ ཟླ་ ༡༢ ཚེས་ ༡ ནས་ལོ་གཅིག་ཕོགས་མེད་དགོངས་འཁྲོལ། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་གནས་རིམ་གསར་སྒྲིག་སྐབས་ཟུང་འབྲེལ་དྲུང་ཆེའི་གནས་རིམ་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༢ ཟླ་ ༡༢ ཚེས་ ༡༥ ནས་ས་ཊོན་བཟོ་གཞིས་འགོ་འཛིན་གནང་།
ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༢༦ ནས་ཡུ་སྦི་ནང་སྲིད་སྐུ་ཚབ། ཕྱི་ལོ་ ༡༩༩༥ ཟླ་ ༤ ཚེས་ ༡༧ ནས་བྷན་རྡ་ར་བོད་མིའི་གཞིས་ཆགས་ཀྱི་གཞིས་འགོ་གནང་། ཕྱི་ལོ་ ༡༩༩༦ ཟླ་ ༦ ཚེས་ ༡༥ ནས་ཉིན་གྲངས་ ༢༤ དང་། ཕྱི་ལོ་ ༡༩༩༦ ཟླ་ ༧ ཚེས་ ༩ ནས་ཟླ་གསུམ་བཅས་ཕོགས་མེད་དགོངས་འཁྲོལ། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༣ ནས་འཆར་འགོད་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་གཞག ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༢༡ ནས་དྲུང་ཆེ་ལས་འཕར་དུ་གནས་སྤར། ཕྱི་ལོ་ ༡༩༩༧ ཟླ་ ༦ ཚེས་ ༢༣ ནས་གནས་རང་འཇགས་ཐོག་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེའི་ལས་འགན། ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༡ ལ་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༥ ནས་ཕོགས་མེད་དགོངས་ཞུའི་ཐོག་གནས་མུར་ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༡ ནས་ཞུས་དོན་ལྟར་རྒས་ཡོལ་སྔ་བསྣུར་གནང་ཡོད་པ་བཅས།།