ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༤ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ ནས་ཚེས་ ༨ བར་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ལ་དྭགས་བོད་མི་ས་གནས་ཁྲིམས་ཞིབ་ཁང་གི་ལས་དོན་རྟོག་ཞིབ་དང་གཟིགས་སྐོར་སླད་ཕྱོགས་ཕེབས་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་མཉམ་འབྲེལ་ཤེལ་ཁང་ནང་དུ་ས་གནས་ཁྲིམས་ཞིབ་པ་དང་། ཁྲིམས་དྲུང་། ས་འཐུས་ཚོགས་གཞོན། ལ་སྤྱིའི་སྐུ་ཚབ། གཞན་ཡང་ས་གནས་ཀྱི་གནད་ཡོད་མི་སྣའི་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་གནང་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་བྱེད་ཕྱོགས་སྤྱི་དང་། ཁ་མཆུ་གཏུག་བཤེར་གྱི་སྔོན་འགྲོའི་བྱ་རིམ་ཁག གྱོད་ཡ་ཉམ་ཐག་གི་མཐུན་རྐྱེན་ལེན་ཕྱོགས། ས་ཁོངས་ཀྱི་ཁྲིམས་ཁོངས་ཁྱབ་ཚད་ངོ་སྤྲོད་དང་། དེའི་ནང་ནས་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་གྱི་ས་གནས་ཁག་ངོ་སྤྲོད་དང་ས་ཐག་རྒྱང་ཁད་རིང་བ་རྣམས་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་ཇི་ཡོད་བཅས་འགྲེལ་བརྗོད་གནང་འདུག
ཉིན་རྒྱབ་ལ་དྭགས་ས་གནས་ལས་ཁུངས་ཁག་ལ་འཚམས་འདྲི་གནང་སྐབས་འབྲེལ་ཡོད་འགན་འཛིན་གྱིས་ལས་ཁུངས་ཀྱི་ལོ་རྒྱུས་དང་། ལས་དོན་བྱེད་ཕྱོགས། ལས་བྱེད་རྣམ་པ་ངོ་སྤྲོད་གནང་འདུག དེ་ནས་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བསོད་ནམས་གླིང་མི་མང་ཚོགས་ཁང་ནང་མི་མང་དང་། ཉིན་རྒྱབ་ལ་དྭགས་བོད་ཁྱིམ་སློབ་ཕྲུག་བཅས་ལ་བརྗོད་གཞི་བཞིའི་ཐོག་ཁྲིམས་ལུགས་གོ་རྟོགས་སྤེལ་གནང་བའི་ནང་ནས་དང་པོ་སྤྱིར་འཛམ་གླིང་ནང་ཁྲིམས་སྲོལ་དར་འཕེལ་ཇི་ལྟར་བྱུང་ཚུལ་དང་། ད་ལྟ་འཛམ་གླིང་ནང་དར་ཁྱབ་ཡོད་བཞིན་པའི་ཁྲིམས་ལུགས་འདྲ་མིན་ལས་འདིར་དཔེ་མཚོན་ཁ་ཤས། བྱེ་བྲག་ཏུ་བོད་དུ་ཁྲིམས་ལུགས་འཕེལ་རིམ་སྙིང་བསྡུས། ད་ལྟ་བཙན་བྱོལ་ནང་ཁྲིམས་ལུགས་བྱུང་རིམ་དང་ད་ལྟའི་གནས་སྟངས་བཅས་ཞིབ་ཕྲ་ངོ་སྤྲོད་འགྲེལ་བཤད་གནང་མཚམས་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།
ཕྱི་ཚེས་ ༥ ཉིན་རུ་ཐོག་དང་། བཀའ་བརྒྱུད། བོན་པོའི་དགོན་པ། སྨན་རྩིས་ཁང་བཅས་ལ་གཟིགས་སྐོར་གནང་། ཕྱི་ཚེས་ ༦ ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་མཛད་སྒོར་མཉམ་ཞུགས་གནང་། ཕྱི་ཚེས་ ༧ ཉིན་ས་གནས་ཁྲིམས་ཞིབ་ཁང་དུ་གཟིགས་ཞིབ་དང་སྦྲགས། ལས་བྱེད་འཛིན་སྐྱོང་ཚོགས་འདུ་བསྐོངས་ཚོགས་གནང་སྟེ། ཁྲིམས་ཞིབ་ལྷན་ཚོགས་སུ་གཏན་འབེབས་གནང་བའི་ས་གནས་ཁྲིམས་ཞིབ་ཁང་ཁག་གི་ལས་དོན་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་ངོ་སྤྲོད་འགྲེལ་བཤད་དང་། ས་གནས་ཁྲིམས་ཞིབ་ཁང་གི་འཛིན་སྐྱོང་ལས་དོན་ལ་རྟོག་ཞིབ་གནང་། ཕྱི་ཚེས་ ༨ ཉིན་བཞུགས་སྒར་དུ་བདེ་འབྱོར་བྱུང་བ་བཅས། །