ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣༠ ཉིན་གྱི་སྔ་དྲོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། བ་ཀུ་ལ་ཆུང་སྲིད་རིན་པོ་ཆེ་མཆོག ཁྲིག་སེ་རིན་པོ་ཆེ་མཆོག་བཅས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ལ་དྭགས་རྒྱལ་ས་སླེའི་ནང་རྟེན་གཞི་བྱས་པའི་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་ར་བར་༸ཞབས་སོར་འཁོད་བསྟུན། དད་ལྡན་མང་ཚོགས་ ༥༠༠༠༠ བརྒལ་བས་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་འདུག་པ་མ་ཟད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་ཚེ་དབང་བཀའ་དྲིན་ཆེ་བ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཡང་ཞུས་ཡོད།
དེ་ཡང་ཐོག་མར་༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་སྩལ་དོན། དེ་རིང་འདིར་ང་ཚོ་སྤྲོ་སྐྱིད་གཏོང་བར་ཡོང་བ་ཞིག་མ་རེད། འོན་ཀྱང་ང་རང་ཚོས་སེམས་བག་ཕེབས་གང་འདྲ་ཞིག་བྱེད་དགོས་པ་དང་། སེམས་ཀྱི་བདེ་སྐྱིད་ཇི་ལྟར་སྐྲུན་ཐུབ་ཆེད་འདིར་འཛོམས་པ་ཞིག་ཡིན། འཛམ་གླིང་ནང་ད་ལྟ་འཚོ་གནས་བྱེད་བཞིན་པའི་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་མ་ཟད།ང་ཚོ་ཚང་མར་མིའི་ཀླད་པ་ཡོད་པ་གཅིག་མཚུངས་ཡིན། ང་ཚོའི་ཀླད་པའི་རྒྱབ་ངོས་སུ་མྱོང་ཚོར་ཤེས་མཁན་གྱི་དབང་རྩ་ཡོད། ཉེ་ལམ་ཚན་རིག་པ་ཁག་གཅིག་གིས་ཀླད་རྫས་ལ་འཕེལ་རྒྱས་གཏོང་རྒྱུ་ཡོད་པ་གསར་བརྙེད་བྱུང་འདུག བྱས་ཙང་ང་ཚོས་གང་བྱེད་ཀྱི་ཡོད་པ་དེའི་ཐོག་གཟབ་གཟབ་བྱས་ཏེ་བསམ་བློ་གཏོང་དགོས། མིའི་རིགས་ལ་ལེགས་ཉེས་དབྱེ་འབྱེད་ནུས་པའི་རྣམ་དཔྱོད་དམིགས་བསལ་བ་ཞིག་ཡོད། ང་ཚོར་རྣམ་དཔྱོད་དམིགས་བསལ་ཡོད་པ་དེ་ལ་བརྟེན་ནས་འཛམ་གླིང་ནང་གི་ཕྱི་དངོས་པོའི་ཡར་རྒྱས་དེ་དག་མིས་བསྐྲུན་པ་ཞིག་ལས་སེམས་ཅན་གཞན་གྱིས་དེ་དག་བསྐྲུན་མི་ཐུབ། ཕྱི་དངོས་པོའི་ཡར་རྒྱས་དང་དེང་དུས་ཀྱི་འཕྲུལ་ཆས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་མི་རྣམས་ལུས་པོ་བདེ་ཐང་ཡོང་བ་དང་། འཕྲོད་བསྟེན་ལེགས་པ། རྒྱུན་རིང་འཚོ་གནས་ཐུབ་པ་བཅས་ཀྱི་ང་ཚོའི་ལུས་པོ་བདེ་ཐང་ཡོང་གི་ཡོད།
འོན་ཀྱང་། རང་ཉིད་ལ་དྲི་བ་ཞིག་གཏོང་དགོས་པ་ནི། ཕྱི་དངོས་པོའི་ཡར་རྒྱས་གཅིག་པུས་ང་ཚོར་གཏན་གྱི་བདེ་སྐྱིད་བསྐྲུན་ཐུབ་བམ། ཚད་མཐོ་བའི་ཡར་ཐོན་རྒྱལ་ཁབ་གྱི་མི་རྣམས་བདེ་སྐྱིད་ངོ་མར་སྤྱོད་ཐུབ་བམ། འོན་ཀྱང་དེ་འདྲ་མེད། ང་ཚོ་མི་ལ་འདས་མ་འོངས་ཐོག་བསམ་བློ་གཏོང་རྒྱུའི་ནུས་པ་ཡོད། ཅེས་བཀའ་སློབ་ཕེབས་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་ནས་བཀའ་སློབ་སྩལ་དོན། འཛམ་གླིང་ནང་དེང་སྐབས་ཕྱི་དངོས་པོའི་ཡར་རྒྱས་ཚད་མཐོར་བསླེབས་ཡོད་ཀྱང་ད་དུང་དབུལ་ཕྱུག་གི་བར་ཁྱད་ཧ་ཅང་ཆེན་པོ་ཡོད། དེ་ནི་ང་ཚོའི་བསམ་བློ་གཏོང་སྟངས་དང་བྱེད་ཕྱོགས་གཉིས་ཀ་ནོར་བ་ལས་བྱུང་ཞིང་། སྤྱི་ཚོགས་ནང་བྱམས་བརྩེའི་བསམ་བློ་མ་འདང་པའི་དབང་གིས་ཡིན། དེ་ནི་ནོར་འཁྲུལ་རེད། ཆགས་སྡང་སོགས་ཉོན་མོངས་པའི་བློ་མ་རུང་པ་དེ་དག་གིས་ང་ཚོའི་ལུས་ལ་ནད་སྔོན་འགོག་བྱ་རྒྱུའི་ནུས་པ་ (Immune System) ཉམས་རྒུད་གཏོང་བཞིན་ཡོད། བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་ཇི་ཙམ་ཡོད་པ་དེའི་ཚོད་ཀྱིས་ལུས་པོའི་འཕྲོད་བསྟེན་ཡང་བཟང་བ་ཡོོང་གི་ཡོད་སྐོར་ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་ར་སྤྲོད་བྱས་ཡོད།
ངོས་ཀྱིས་འདིར་ཆོས་བྱེད་སྟངས་སྐོར་གང་ཡང་ཤོད་ཀྱི་མེད། ཉིན་རེའི་འཚོ་བའི་ནང་བཟང་སྤྱོད་ཉམས་ལེན་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་པ་དང་། དེང་དུས་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོ་ཡར་རྒྱས་གཙིགས་ཆེར་འཛིན་ནས་ནང་སེམས་ཀྱི་རིན་ཐང་ཐོག་དེ་ཙམ་དོ་སྣང་སྤྲད་ཀྱི་མེད། རྒྱ་གར་གནའ་རབས་ཀྱི་རིག་གཞུང་ཁག་དང་ལྷག་པར་ནང་པ་སངས་རྒྱས་པའི་རིག་གཞུང་ནང་ཞི་གནས་དང་ལྷག་མཐོང་སོགས་སྐོར་གསུངས་ཡོད་སྟབས། བློའི་རྣམ་གཞག་དང་བྱེད་ལས་སྐོར་གྱི་རིག་གཞུང་ཧ་ཅང་ཕྱུག་པོ་ཡོད། རིག་གཞུང་དེ་དག་ལ་ཡིན་པ་རེད་བསམས་ནས་བསྡད་པ་ཙམ་གྱིས་ཕན་རྒྱུ་མེད། ངོས་ཀྱི་ནང་པའི་ཆོས་དེ་བཞིན་སྡེ་ཚན་གསུམ་དུ་དབྱེ་བཞིན་ཡོད། ནང་ཆོས་ནས་གསུང་པའི་ལྟ་གྲུབ་དང་། ཚན་རིག ནང་ཆོས་ཉམས་ལེན་བཅས་གསུམ་ཡོད་པ་ལས་ནང་ཆོས་ཉམས་ལེན་དེ་ནང་པ་ཚོས་བྱེད་དགོས་པ་དང་། འོན་ཀྱང་ནང་ཆོས་ཀྱི་སེམས་ཀྱི་རྣམ་གཞག་སྐོར་སོགས་དང་། ཚན་རིག་གི་ཆ་དང་ལྟ་གྲུབ་གི་རྣམ་གཞག་དེ་དག་ནང་པ་ཙམ་མིན་པར་འཇིག་རྟེན་སྤྱི་ཡོངས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན། དེར་བརྟེན་ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་ལ་སུས་ཀྱང་སློབ་སྦྱོང་བྱེད་ཆོག་པ་དང་དེ་ལྟར་བྱས་ན་ཕན་ཐོགས་ཡོད་ངེས། གང་ཡིན་བརྗོད་ན་རྣམ་གཞག་དེ་དག་རྒྱུ་མཚན་དང་རིགས་ལམ་ལ་གཞི་བཅོལ་ནས་གཏན་ལ་ཕབ་ཡོད། བཅོམ་ལྡན་འདས་རང་ཉིད་ཀྱིས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ཞེས་གསུངས་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོའི་སྐབས་སྡུག་ཀུན་སོགས་བདེན་བཞིའི་རྣམ་གཞག་གསུངས་ཡོད། འཁོར་ལོ་བར་པའི་སྐབས་ཤེར་ཕྱིན་གྱི་མདོ་གཙོ་བོ་གསུངས་ཡོད།
སྐབས་དེར་སྟོན་པ་བཅོམ་ལྡན་འདས་ཀྱིས་འགོག་བདེན་དང་ལམ་བདེན་གཉིས་སྐོར་རྒྱས་པར་གསུངས་ཡོད། འཁོར་ལོ་མཐའ་མའི་སྐབས་སེམས་གསལ་རིག་སྐོར་གསུངས་ཡོད། འདོད་ཆགས་ཞེ་སྡང། གཏི་མུག་བཅས་ནི་སེམས་རྒྱུད་དཀྲུག་མཁན་གཙོ་བོ་ཡིན། ཉོན་མོངས་པའི་བློ་དེ་དག་ལ་ང་ཚོས་གདོང་ལེན་བྱས་ནས་རྣམ་དཔྱོད་ཀྱི་ཤེས་རབ་གོང་དུ་སྤེལ་དགོས་པ་ཡིན། ང་ཚོས་དཔྱད་པ་མ་བྱས་པར་ཐོས་བྱུང་ཙམ་གྱི་གོ་བ་ཆགས་ནས་ཕྱིན་པ་ཡིན་ན་དེ་ཙམ་བརྟན་པོ་མེད། ཐོས་པའི་དོན་དེར་སྒོམས་ནས་ངེས་ཤེས་བརྙེད་པ་ཡིན་ན་བརྟན་པོ་ཡོད། རིགས་ལམ་གྱི་རྩོད་པ་བྱ་རྒྱུ་དེ་རྒྱ་གར་གནའ་རབས་ཀྱི་ནང་པའི་གཙུག་ལག་སློབ་གྲྭ་དཔལ་ན་ལེནྜ་དང་ཝི་ཀ་མ་ཤི་ལ། དེ་བཞིན་ཨོ་དན་ད་པུ་རི་བཅས་ཀྱི་ནང་དར་ཁྱབ་ཆེན་པོ་བྱུང་ཡོད། དེའི་ནང་ནས་དཔལ་ན་ལེནྜར་ཧ་ཅང་ཤུགས་ཆེན་པོ་དར་ཡོད། ཕྱིས་སུ་བོད་ནང་དར་ཁྱབ་ཤུགས་ཆེ་བྱུང་ཡོད། ཅེས་སོགས་ནང་ཆོས་ངོ་སྤྲོད་ལེགས་པར་གྲུབ་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་། ལམ་གཙོ་རྣམ་གསུམ། བློ་སྦྱོང་ཚིག་བརྒྱད་མ་བཅས་ཀྱི་ཆོས་འབྲེལ་མཛད་རྗེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྩལ། ཚེ་དབང་གྲུབ་རྗེས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་ཆེན་ཁག་གིས་ལ་དྭགས་མི་མང་ཡོངས་ཀྱིས་མགོན་པོ་གང་ཉིད་མཆོག་སྐུ་ཚེ་མི་བཤིག་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་གྲུབ་པའི་ཆེད་བརྟན་བཞུགས་བསྟར་འབུལ་ཞུས་འདུག སྐབས་དེར་ལ་དྭགས་ཁུལ་གྱི་ཆོས་ལུགས་འདྲ་མིན་མང་པོའི་སྐུ་ཚབ་སོགས་ཡོད་འདུག
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། སློབ་ཕྲུག་ཚོས་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་འདོན་རྒྱུ་ནི་ཤེས་རབ་གོང་འཕེལ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད། ད་རེས་བོད་པ་ཚོ་ཟུར་དུ་ཐུགས་རྒྱུའི་གོ་སྐབས་བྱུང་མེད། དགོངས་དག་ཞུ་རྒྱུ་ཡིན། ངོས་རང་འདིར་ཁྱུག་ཙམ་ལས་སྡོད་ལོང་མེད། གཞི་རྩའི་ངོས་ཀྱིས་ཕྱི་ལོ་ ༢༠༡༡ ལོ་ནས་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་རྒྱུ་མཚམས་འཇོག་བྱས་ནས་རྒན་ཡོལ་གཙང་མ་ཞུས་ཟིན་པ་ཡིན། དེ་ནི་ངོས་རང་བོད་དོན་ཐོག་སེམས་ཤུགས་ཆག་པ་དེ་འདྲ་རྩ་ནས་མ་རེད། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ངོས་ལ་ཡིད་ཆེས་བློ་གཏད་བྱས་ནས་རེ་བ་ཞིག་རྒྱག་བཞིན་ཡོད་པ་དེ་ངོས་ཀྱིས་བློས་གཏོང་བྱེད་ཀྱི་མ་རེད། བོད་ཀྱི་སྐད་ཡིག་གསོན་གནས་རྒྱུན་སྐྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ནང་ཆོས་ལ་སློབ་གཉེར་མཐིལ་ཕྱིན་པ་ཞིག་བྱ་དགོས་ན་བོད་ཡིག་ནང་ཆ་ཚང་ཤོས་དང་། སྤུས་དག་ཤོས་ཡོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་སྐབས་ཤིག་ལ་དེང་སྐབས་རྒྱ་ནག་ནང་དུ་ནང་པ་ཇེ་མང་འགྲོ་བཞིན་ཡོད་པ་བརྗོད་ཡོད། དེར་བརྟེན་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་བྱ་རྒྱུ་དེ་བས་གལ་ཆེ་བ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་སྦྲགས་ཆང་རག་སྐོར་བཀའ་སློབ་སྩལ་དོན། ཆང་རག་འཐུང་རྒྱུ་དེ་རང་གཞན་གཉིས་ཕུང་ཞིག་མ་གཏོགས་ཕན་ཐོགས་གང་ཡང་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་མང་ཚོགས་ལ་བཀའ་སློབ་སྩལ་དོན། ཁྱེད་རང་ཚོས་ཤེས་ཡོན་ཐོག་ཡར་རྒྱས་ཀྱི་གོམ་པ་མདུན་སྤོས་བྱེད་བཞིན་པ་ལྟར། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་ཤེས་ཡོན་ཐོག་འབད་བརྩོན་བྱ་དགོས་པ་ཡིན་ཞེས་བཀའ་སློབ་སྩལ་རྗེས་བླ་ཆེན་ཁག་དང་། གནད་ཡོད་མི་སྣ་དང་ལྷན་ཉིན་དགུང་ལྗགས་སྨིན་དགྱེས་བཞེས་མཛད་གནང་འདུག ཕྱི་ཚེས་ ༣༡ ཉིན་མགོན་པོ་གང་ཉིད་མཆོག་ལ་དྭགས་རྒྱལ་ས་སླེ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།