༢༠༡༥ ཟླ་ ༧ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་གནས་སྡོད་ས་ཁུལ་འདྲ་མིན་ནས་སྨན་ཞབས་པ་ཁྱོན་མི་གྲངས་ ༢༧ ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་སེམས་ཁམས་འཕྲོད་བསྟེན་ཐོག་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ VIMHANS ཞེས་པའི་བསྟི་གནས་ཁང་གི་ཚོགས་ཁང་དུ་ཉིན་གྲངས་ལྔའི་རིང་ཟབ་སྦྱོང་གནང་འདུག སྐབས་དེར་བལ་ཡུལ་ནས་འཕྲོད་ལས་པ་དང་སྨན་ཞབས་པ་ ༡༤ དང་གཞན་རྣམས་རྒྱ་གར་ནང་གནས་སྡོད་བོད་མིའི་སྨན་ཞབས་པ་ཡིན་འདུག ཟབ་སྦྱོང་དེ་བཞིན་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༠ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༧ ཚེས་ ༢༤ ཉིན་ལེགས་གྲུབ་བྱུང་ཡོད། ཟབ་སྦྱོང་མཐུན་འགྱུར་གནང་མཁན་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཡིན་པ་དང་། ཟབ་སྦྱོང་གི་དམིགས་ཡུལ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སེམས་ཁམས་འཕྲོད་བསྟེན་ཐོག་ཕྱག་ལས་གནང་མཁན་མི་གྲངས་དང་མིའི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག དེ་ཡང་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་སྨན་ཞབས་པ་རྣམས་བོད་མི་འདུ་སྡོད་ཀྱི་ས་གནས་ནང་འཕྲོད་བསྟེན་ཐོག་ཕྱག་ལས་གནང་མཁན་གཙོ་བོ་ཡིན་པ་མ་ཟད།
ལྷག་པར་ས་ཁུག་ལུང་ཁུག་དང་གཞིས་ཆགས་ཆུང་ཁག་ནང་གི་ཁྱིམ་ཚང་དང་གང་ཟག་སྒེར་སོགས་ཀྱི་སེམས་ཁམས་དང་འབྲེལ་བའི་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་ལམ་སྟོན་གནང་མཁན་གཙོ་བོ་ཆགས་རྒྱུ་རེད། གཞན་ཡང་ཉིན་གྲངས་ལྔའི་ཟབ་སྦྱོང་སྐབས་ VIMHANS བསྟི་གནས་ཁང་ནས་སེམས་ཁམས་རིག་པ་བ་ཁག་གཅིག་གིས་བསམ་བློ་འཁྲུག་པའི་དཀའ་ངལ་དང་། ཉིན་རེའི་འཚོ་བའི་ནང་སེམས་ངལ་དང་སེམས་སྡུག་སོགས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་ལམ་སྟོན་གནང་འདུག་པ་མ་ཟད། ཁྱིམ་ཚང་ནང་གི་ཕྲུ་གུ་རྣམས་ལ་མྱོས་རྫས་ངན་གོམས་ཀྱི་དཀའ་ངལ། དེ་བཞིན་བྱིས་པ་དང་གཞོན་ནུའི་གནས་སྐབས་སེམས་ཁམས་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་པ་རྣམས་ཇི་ལྟར་སེལ་དགོས་པ་སོགས་ཀྱི་ལམ་སྟོན་ཞིབ་ཕྲ་གནང་འདུག