༢༠༡༥ ཟླ་ ༧ ཚེས་ ༢༧ རེས་གཟའ་མིག་དམར། ༄༅། །མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀ་ལམ་ Dr. A P J Abdul Kalam མཆོག་གློ་བུར་དུ་འདས་གྲོངས་སུ་གྱུར་བར་བློ་ཕམ་ཆེན་པོ་གནང་ཡོད། དམ་པ་ཁོང་དགུང་གྲངས་ ༨༣ ཡིན་འདུག དེ་ཡང་སྲིད་སྐྱོང་མཆོག་གི་ཐུགས་གསོའི་འཕྲིན་ཡིག་ཞིག་སྤེལ་བའི་ནང་འཁོད་དོན། རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀ་ལམ་མཆོག་རྒྱ་གར་བྱང་ཤར་ཤི་ལོང་མངའ་སྡེའི་རྒྱལ་ས་མེ་གྷ་ལ་ཡར་གློ་བུར་དུ་འདས་གྲོངས་སུ་གྱུར་བར་ངོས་རང་བློ་ཕམ་ཧ་ཅང་ཆེན་པོ་བྱུང་། སྤྱིར་དམ་པ་ཁོང་གིས་ཤེས་ཡོན་བསྟི་གནས་ཁང་ Indian Institute of Management གི་སློབ་མ་རྣམས་ལ་གསུང་བཤད་གནང་སྐབས་སྡིངས་ཆའི་སྟེང་གློ་བུར་དྲན་མེད་དུ་རྒྱལ་རྗེས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད། དེས་གང་ཞིག་མཚོན་གྱི་ཡོད་དམ་བརྗོད་ན། དམ་པ་ཁོང་གིས་གཞོན་སྐྱེས་ཚོའི་ཤེས་ཡོན་ཐོག་ཐུགས་ཁུར་ཇི་ཙམ་ཆེན་པོ་བཞེས་ཀྱི་ཡོད་པ་གསལ་པོ་མཚོན་ཐུབ། སྲིད་འཛིན་ཟུར་པ་ཁོང་འདས་གྲོངས་སུ་གྱུར་བ་དེ་རྒྱ་གར་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་གྱོང་གུན་ཆེན་པོ་ཞིག་ཕོག་པ་རེད། དེར་བརྟེན་ངོས་ཀྱིས་ཧ་ཅང་བློ་ཕམ་ཆེ་བའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་རྒྱ་གར་རྒྱལ་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས། ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་སྲིད་འཛིན་ཟུར་པ་དམ་པ་ཁོང་གི་རྣམ་སྤྱོད་ཀྱི་རྩལ་རྒྱ་གར་ནང་རྩེ་ཕུད་ཡིན་པ་དེར་དམིགས་ནས་གསུང་དོན། དམ་པ་ཁོང་གི་ཕུལ་དུ་བྱུང་བའི་རྣམ་སྤྱོད་དེ་ནི་དེང་རབས་རྒྱ་གར་གྱི་རྣམ་སྤྱོད་མཚོན་ཐུབ། དམ་པ་ཁོང་གི་སྐུ་ཚེ་ཧྲིལ་པོའི་རིང་ཤེས་ཡོན་ཡར་རྒྱས་ཆེད་འབད་འབུངས་གནང་ཡོད། ཁོང་ནི་རྒྱ་གར་ལྷོ་ཕྱོགས་ཊ་མིལ་ན་དུའི་ཁྱིམ་ཚང་དབུལ་པོ་ཞིག་ནང་འཁྲུངས་ཤིང་མཐར་ཤེས་ཡོན་གྱི་ནུས་པ་ཁོ་ནའི་ཐོག་ནས་རྒྱ་གར་གྱི་སྲིད་འཛིན་ཆགས་ཡོད། དམ་པ་ཁོང་ནི་བཀའ་མོལ་ཐད་ཀར་གསུང་མཁན་ཞིག་ཡིན་པ་མ་ཟད། ནང་དོན་གནད་དུ་སྨིན་ལ་དོན་སྙིང་ལྡན་པའི་ལམ་སྟོན་གནང་མཁན་ཞིག་ཡིན་པར་བརྟེན་རྒྱ་གར་མི་རབས་གཞོན་པ་ཚང་མར་སེམས་འགུལ་ཧ་ཅང་ཐེབས་ཡོད། དམ་པ་ཁོང་ནི་འགྲོ་བ་མིའི་བདེ་དོན་ཆེད་ཕུགས་རྒྱང་རིང་པོའི་དགོངས་བཞེས་གནང་མཁན་ཞིག་ཡིན། སྤྱིར་དམ་པ་ཁོང་གིས་རྒྱ་གར་གྱི་མེ་ཤུགས་འཕུར་མདའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཐད་རླབས་ཆེན་གྱི་བྱས་རྗེས་བཞག་གནང་ཡོད། དེར་བརྟེན་དམ་པ་ཁོང་ལ་རྒྱ་གར་གྱི་མེ་ཤུགས་འཕུར་མདའ། ཞེས་ཆེ་བསྟོད་ཞུ་བཞིན་ཡོད། དེ་ཡང་དམ་པ་ཁོང་གིས་པི་རི་ཐི་ཝི་ Prithvi དང་ཏྲི་ཤུལ། Trishul ཨ་ཀ་ཤི། Akash ནཱག Nag དེ་བཞིན་ཨག་ནི་ Agni སོགས་མེ་ཤུགས་འཕུར་མདའ་མང་པོ་ཞིག་གསར་བསྐྲུན་གནང་ཡོད། དམ་པ་ཁོང་གིས་རྒྱ་གར་གྱི་སྲིད་འཛིན་ ༡༡ པའི་ཐུགས་འགན་བཞེས་སྐབས་རང་གཤིས་བཟང་ལ་ཁེངས་སེམས་ཆ་ཕྲ་མོ་ཙམ་ཡང་མེད་པར་བརྟེན་མང་ཚོགས་རྣམས་ཀྱིས་དམ་པ་ཁོང་ལ་མི་མང་གི་སྲིད་འཛིན། ཞེས་འབོད་ནས་དགའ་མོས་ཧ་ཅང་བྱ་ཡུལ་ཞིག་ཏུ་གྱུར་ཡོད། གཞན་ཡང་དམ་པ་ཁོང་སྐུ་འཚོ་ཞུགས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་པ་མ་ཟད། དབུ་ཁྲིད་རྣམ་གཉིས་ལན་མང་མཇལ་འཕྲད་མཛད་སྐབས་ཆོས་ལུགས་མཐུན་སྒྲིལ་དང་ཆོས་ལུགས་འདྲ་མིན་ལ་རྟེན་པའི་རིག་གཞུང་དེ་དག་གིས་དེང་རབས་སྤྱི་ཚོགས་ནང་ཕན་རླབས་ཇི་འདྲ་བསྒྲུབ་ཐུབ་སྐོར་སོགས་ཀྱི་གནད་དོན་ཐད་བགྲོ་གླེང་མཛད་མྱོང་ཡོད། བོད་མི་ཚོས་ཀྱང་དམ་པ་ཁོང་ལ་གུས་བཀུར་ཧ་ཅང་ཞུ་བཞིན་ཡོད། ཅེས་ཐུགས་གསོའི་གསུང་འཕྲིན་ནང་འཁོད་འདུག །
༼མ་ཡིག་ངོ་མ་དབྱིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།༽