༢༠༡༥ ཟླ་ ༧ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༧ ཉིན་གྱི་ཕྱི་དྲོ་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨེ་པི་ཇི་ཨབ་དུལ་ཀ་ལམ་ Dr. A.P.J. Abdul Kalam མཆོག་འདས་གྲོངས་སུ་གྱུར་བར་བརྟེན། ཕྱི་ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨེ་པི་ཇི་ཨབ་དུལ་ཀ་ལམ་མཆོག་ཁ་སང་ཕྱི་དྲོ་གློ་བུར་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཤེས་རྟོགས་བྱུང་བར་ངོས་རང་བློ་ཕམ་ཧ་ཅང་ཆེན་པོ་བྱུང་། དེ་ནི་གསབ་ཏུ་མེད་པའི་གྱོང་གུན་ཞིག་ཡིན། དམ་པ་ཁོང་ནི་ཕུལ་བྱུང་གི་ཚན་རིག་པ་ཞིག་དང་ཤེས་ཡོན་སློབ་སྟོན་པ། དེ་བཞིན་མཁས་དབང་ཞིག་ཡིན་པ་ཙམ་དུ་མ་ཟད། དེ་བས་གལ་ཆེ་བ་ཞིག་ལ་ཀུན་སྤྱོད་ཡ་རབས་ཚུལ་ལྡན་གྱི་སྐྱེ་བུ་དམ་པ་ཞིག་ཡིན།
འདས་པའི་ལོ་མང་རིང་ངོས་རང་དམ་པ་ཁོང་དང་ལྷན་མཇལ་མོལ་ཞུ་རྒྱུའི་གོ་སྐབས་མང་པོ་བྱུང་། སྐབས་དེར་ཁོང་གི་ཁེངས་དྲེགས་སྤང་པའི་ཞི་འདུལ་གྱི་སྤྱོད་ཚུལ་དེར་ངོས་ཀྱིས་ཡིད་སྨོན་ཞུ་མྱོང་ཡོད། ངོས་རང་དམ་པ་ཁོང་དང་ལྷན་བརྗོད་གཞི་འདྲ་མིན་ཐོག་གོ་བསྡུར་ཞུ་མྱོང་ཡོད་པ་མ་ཟད། ལྷག་པར་ཚན་རིག་དང་། ཆོས་ཕྱོགས། དེ་བཞིན་ཤེས་ཡོན་ཐོག་གོ་བསྡུར་མང་པོ་ཞུ་མྱོང་། ངོས་ཀྱིས་དམ་པ་ཁོང་གི་ཤུལ་ལུས་ནང་མི་སྤུན་མཆེད་ཙམ་མ་ཟད། རྒྱ་གར་མི་མང་རྣམས་ཡིད་སྐྱོ་བཞིན་པའི་དུས་སྐབས་འདིར་སེམས་གསོ་དང་སྦྲགས་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག གསུང་འཕྲིན་ངོ་མ་ཨིན་ཡིག་ནས་འདི་ག་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པས་ཨིན་ཡིག་དེར་རྩ་འཛིན་ཡོང་བ་ཞུ།།