༢༠༡༥ ཟླ་ ༧ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ Tibetan Entrepreneurship Development ཚན་པས་ཚོང་ལས་ཡར་རྒྱས་རམ་འདེགས་ཀྱི་ལས་གཞིའི་འོག རྡ་སྟེང་བོད་ཁྱིམ་གྱི་སློབ་མ་གཉིས་ལྷོ་ཨ་ཕི་རི་ཁའི་གོ་ལའི་ཚོང་ལས་ལས་གཞིའི་ Global Scholars Program (GSP) ཟབ་སྦྱོང་ཐོག་མཉམ་ཞུགས་གནང་འདུག དེ་ཡང་ལྷོ་ཨ་ཕི་རི་ཁའི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་སྦྱོང་བརྡར་བསྟི་གནས་ཁང་ African Leadership Academy (ALA) དུ་སློབ་མ་བསྟན་འཛིན་རབ་དགའ་དང་འཕྲིན་ལས་དབང་མོ་གཉིས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༥ ནས་ཕྱི་ཟླ་ ༨ ཚེས་ ༡༢ བར་འགོ་ཁྲིད་དང་ཁེ་ལས་པའི་ལས་དོན་གཉེར་ཕྱོགས་ཐོག་ཟབ་སྦྱོང་གནང་བཞིན་ཡོད་འདུག ཟབ་སྦྱོང་བ་རྣམས་ཀྱིས་ཁེ་ལས་པ་གྲགས་ཅན་ཁག་གཅིག་དང་ལྷན་བགྲོ་གླེང་གནང་རྒྱུ་སོགས་ཡིན་འདུག སྤྱིར་ཐེངས་འདིར་ཟབ་སྦྱོང་གི་མཐུན་འགྱུར་གནང་མཁན་ཨ་རིའི་ནང་རྟེན་གཞི་བྱས་པའི་ཨོ་མི་ཌི་ཡར་ནེཊ་ཝོར་ཀ་ Omidyar Network ཞེས་པའི་ཚོང་ལས་སྒྲིག་འཛུགས་དེ་ཡིན་འདུག་པ་དང་། སྒྲིག་འཛུགས་དེ་ནི་རྒྱལ་སྤྱིའི་ཁྱོན་དུ་ཁེ་ལས་པ་སྐྱེད་སྲིང་བྱེད་རྒྱུའི་ལས་གཞིའི་ཐོག་རྒྱབ་སྐྱོར་གནང་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་འདུག
ཐེངས་འདིར་ཟབ་སྦྱོང་ཉིན་གྲངས་ ༡༩ རིང་རྒྱལ་ཁབ་འདྲ་མིན་ནས་སློབ་ཕྲུག་དྲག་འདེམས་བྱས་ནས་གཞོན་སྐྱེས་དེ་དག་མ་འོངས་པར་སྤྱི་ཚོགས་ནང་འགོ་ཁྲིད་བྱེད་ཐུབ་པ་དང་ཁེ་ལས་པ་ཚད་ལྡན་ཞིག་བཟོ་རྒྱུའི་འབད་བརྩོན་གནང་བཞིན་ཡོད་འདུག སྔ་ལོར་ལས་གཞི་འདིའི་ཐོག་སློབ་མ་བསྟན་འཛིན་ཆོས་མཚོ་དང་བསྟན་འཛིན་ནོར་སྒྲོན་གཉིས་མཉམ་ཞུགས་གནང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་གསུང་དོན། ལྷོ་ཨ་ཕི་རི་ཁའི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་སྦྱོང་བརྡར་བསྟི་གནས་ཁང་ནི་བསྟི་གནས་ཁང་དེའི་སློབ་མ་ཙམ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་སུ་སློབ་མ་དྲག་འདེམས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་དང་ཁེ་ལས་པའི་ལས་གཞིའི་ཐོག་ཟབ་སྦྱོང་སྤྲོད་བཞིན་ཡོད། ཐེངས་འདིར་ང་ཚོའི་སློབ་མ་གཉིས་ཟབ་སྦྱོང་ནང་མཉམ་ཞུགས་གནང་ནས་འབྱུང་འགྱུར་བོད་མིའི་སྤྱི་ཚོགས་ནང་འགོ་ཁྲིད་གནང་ཕྱོགས་དང་ཁེ་ལས་པའི་ལས་དོན་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོང་རྒྱུ་རེད། ཅེས་གསུངས། གཞན་ཡང་སློབ་མ་བསྟན་འཛིན་རབ་དགའ་ལགས་ཀྱིས་བརྗོད་དོན། ང་རང་ཟབ་སྦྱོང་ནང་མཉམ་ཞུགས་བྱེད་ཐུབ་པར་ཧ་ཅང་དགའ་པོ་བྱུང་། གོ་སྐབས་འདི་ནི་ངའི་མི་ཚེའི་ནང་ཤེས་ཡོན་སྦྱང་བརྩོན་བྱེད་བཞིན་པའི་དུས་སྐབས་འདིར་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་ཡོད་བསམ་བཞིན་འདུག ཅེས་གསུངས།
སྤྱིར་བཏང་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་འདི་བཞིན་བཙན་བྱོལ་བོད་མིའི་མང་ཚོགས་ཀྱི་གནས་བབས་ཡར་རྒྱས་ཕུགས་བརྟན་འགྲོ་ཐབས་སྤྱི་དང་། ཡང་སྒོས་རང་རེའི་སྤྱི་ཚོགས་ནང་ན་གཞོན་ལས་མེད་ཀྱི་དཀའ་ངལ་སེལ་ཐབས་ཆེད་དམིགས་ཡུལ་གཙོ་བཟུང་གིས་འགོ་འཛུགས་གནང་བ་དང་། ལས་གཞི་འདི་བརྒྱུད་རྒྱ་གར་དང་བལ་ཡུལ་ནང་གནས་སྡོད་བོད་རིགས་བཟོ་ཚོང་འདྲ་མིན་གཉེར་བཞིན་པའི་ཁོངས་ནས་རང་གི་ཚོང་ལས་འཆར་གཞི་དང་ལྡན་པའི་རྒྱ་སྐྱེད་གཏོང་འཆར་ཡོད་རིགས་དང་། དེ་མཚུངས་ཚོང་ལས་འཆར་གཞི་ཚད་ལྡན་ཁུངས་འཕེར་ཡོད་པའི་ཐོག་བཟོ་ཚོང་ལས་གཞི་གསར་འཛུགས་ཀྱི་འདུན་པ་གཉིས་ལྡན་ཡོད་པའི་ན་གཞོན་ཁག་ལ་སྦྱོང་བརྡར་དང་། ཁྲིམས་སྒྲིག་གི་སློབ་སྟོན། མཁས་མྱོང་ཅན་གྱི་ཚོང་པ་དང་། དེ་བཞིན་བཟོ་ཚོང་གསར་འཛུགས་ཐོག་ལམ་སྟོན་དང་རམ་འདེགས་ཞུ་རྒྱུ་ནི་བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པའི་དམིགས་ཡུལ་གཙོ་བོ་དེ་ཡིན།།