༢༠༡༥ ཟླ་ ༧ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༧ ནས་ ༣༠ བར་ཉིན་བཞི་རིང་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག
དེ་ཡང་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ལ་དྭགས་ནང་པའི་ཆོས་ཚོགས་དང་དགོན་པ་ཚོགས་པ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ༸གོང་ས་མཆོག་ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་ནས་ཆིབས་སྒྱུར་བསྐྱང་རྒྱུ་དང། ཕྱི་ཚེས་ ༢༨ ཉིན་མགོན་པོ་གང་ཉིད་མཆོག་གིས་སླེ་གྲོང་ཁྱེར་ནང་ཡོད་པའི་ཇོ་ཁང་ནང་གནས་གཟིགས་དང་། དེ་བཞིན་ལ་དྭགས་ས་ཁུལ་གྱི་འབྲོག་པའི་ཕྲུ་གུ་རྣམས་ཀྱི་ཤེས་ཡོན་སླད་ཆེད་འཛུགས་གནང་བའི་འཇམ་དབྱངས་སློབ་གྲྭར་ཆིབས་སྒྱུར་གྱིས་བུ་མོའི་སྡོད་ཁང་གསར་པ་དབུ་འབྱེད་དང་། མཐོ་རིམ་སློབ་མའི་གཞོན་སྐྱེས་ཚོར་བླང་དོར་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༩ ཉིན་ཕར་ཕྱིན་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ། དེ་བཞིན་མཛད་འཆར་ནང་མགོན་པོ་གང་ཉིད་མཆོག་གིས་ཁུལ་དེར་དད་ལྡན་མང་ཚོགས་རྣམས་ལ་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་དང། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་། ལྷག་པར་ཕྱི་ཚེས་ ༣༠ ཉིན་ཞི་བའི་འཚལ་ཕོ་བྲང་དུ་མང་ཚོགས་ཁྲི་ལྔ་ལྷག་འདུ་འཛོམས་ཀྱིས་༸སྐུའི་གྱ་སྟོན་སྲུང་བརྩི་དང་། ཕྱོགས་མཚུངས་ལ་དྭགས་མི་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སོགས་ཀྱི་མཛད་འཆར་འཁོད་འདུག