ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁང་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གཉིས་རིང་ཏི་ཛུ་དར་རྒྱལ་གླིང་གཞིས་སྒར་དུ་སྲུང་བརྩི་ཞུས་ཡོད།
དེ་ཡང་མཛད་སྒོ་ཉིན་དང་པོའི་སྔ་དྲོ་ཚོུད་ ༧།༠༠ ཐོག་སེར་སྐྱ་མི་མང་རྣམས་ལུས་ལ་ན་བཟའ་གཟབ་མཆོར་ལེགས་པར་སྤྲས་ཏེ་བསྟན་མཁར་མདུན་ཚང་འཛོམས་ཀྱིས་བསང་གསོལ་ཟབ་རྒྱས་དང་སྐུ་རླུང་དར་འཛུགས་གནང་གྲུབ་མཚམས་ཆུ་ཚོད་ ༨ ཐོག་སྐུ་མགྲོན་གཙོ་བོ་ས་འཐུས་ཚོགས་གཙོ་དང་སྐུ་མགྲོན་ཁག ས་གནས་ཉིན་སློབ་ཀྱི་དགེ་ཆེ་དང་དགེ་ལས་རྣམ་པ། ས་གནས་རང་ཚོགས་ཀྱི་འཐུས་མི་དང་གཞིས་དགོན་གསུམ་གྱི་དབུ་འཛིན་རྣམ་པ། སློབ་ཕྲུག སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༣༧༠ བརྒལ་བ་༸རྒྱལ་བའི་ཕོ་བྲང་མདུན་ལྷན་འཛོམས་ཐོག་བླ་སྤྲུལ་དགེ་འདུན་རྣམས་ནས་ཞལ་འདོན་དབུ་འཛུགས་ཀྱིས་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ་བཅས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་གནད་ཡོད་མི་སྣ་ཁག་དང་མི་མང་རྣམས་ཀྱིས་རིམ་བཞིན་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ།
དེ་ནས་ས་གནས་ཉིན་སློབ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་དྲུག་ཅུའི་དབྱངས་ལྡན་གྱི་མཉམ་གཞས་བཏང་གྲུབ་མཚམས་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བ་མ་ཟད་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་ས་འཐུས་ཚོགས་གཙོས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་ལོ་ལྟར་བཞིན་འདི་ལོར་གཞིས་ཁོངས་ནས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་སྐབས་བརྒྱ་ཆ་ ༧༠ ཡན་ལོན་མཁན་སློབ་ཕྲུག་རྣམས་ལ་སེམས་ཤུགས་སྤར་ཆེད་ལེགས་གསོའི་བྱ་དགའ་ཧིན་སྒོར་ ༢༥༠༠ གསོལ་རས་གནང་། དེ་རྗེས་ས་གནས་ཉིན་སློབ་དང་། བུ་བཅོལ་ཁང་བཅས་ནས་གཞས་སྣ་འཁྲབ་སྟོན་གནང་བ་མ་ཟད། གཞིས་གྲོང་ཁག་ལྔ་དབར་གཞས་སྣ་འཁྲབ་སྟོན་འགྲན་བསྡུར་གནང་གྲུབ་སྟུན་མཉམ་འབྲེལ་དྲུང་ཆེས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།
ཉིན་གཉིས་པ་ཕྱི་ཚེས་ ༧ ཉིན་ས་འཐུས་ཚོགས་གཙོ་དང་། ས་གནས་རང་བདེན་ཚོགས་གཙོ། ཚོགས་པ་ཁག་གི་ཚོགས་གཙོ། གཞིས་དགོན་གསུམ་གྱི་བླ་སྤྲུལ་དགེ་འདུན་རྣམ་པ། གཞིས་མཉམ་གཉིས་ཀྱི་ལས་བྱེད། མི་མང་བཅས་ཁྱོན་མི་གྲངས་ ༣༥༠ བརྒལ་བ་༸རྒྱལ་བའི་ཕོ་བྲང་ནང་འདུ་འཛོམས་ཀྱིས་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་མགོན་པོ་གང་ཉིད་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཕྱིར་མ་ཎི་དང་། བན་ཛ་གུ་རུ། སྒྲོལ་མ། ༸རྒྱལ་བའི་ཞབས་བརྟན་སོགས་ཞབས་རིམ་གསོག་སྒྲུབ་ཞུས། ཉིན་དང་པོར་གཞིས་གྲོང་སྤྱི་མི་ལས་ཁུངས་དང་། ཉིན་གཉིས་པར་མཉམ་འབྲེལ་ལས་ཁུངས་ནས་ཉིན་གུང་ཞལ་ལག་གཟབ་རྒྱས་གོ་སྒྲིག་ཞུས་འདུག