༢༠༡༥ ཟླ་ ༧ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཁམས་ཚ་བ་མཛོ་སྒང་རྫོང་སྟོང་འབར་ཡུལ་ཚོའི་གེ་བ་གྲོང་ཚོ་རུ། རྒྱ་ནག་གཞུང་གིས་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ་ངོ་རྒོལ་བྱེད་མཁན། བོད་མི་བློ་བཟང་ཡེ་ཤེས་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་སྐུ་གྲོངས་ཡོད་པ་རེད།
དེ་ཡང་ཕྱི་ལོ་༢༠༡༤ ཟླ་ ༥ ཚེས་ ༧ ཉིན་ཁམས་ཚ་བ་མཛོ་སྒང་རྫོང་། སྟོང་འབར་ཡུལ་ཚོའི་ཡུལ་མི་ཚོས་ རྒྱ་ནག་གཞུང་གི་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ། ངོ་རྒོལ་ཤུགས་ཆེན་བྱེད་སྐབས་རྒྱལ་གཅེས་དཔའ་བོ་འཕགས་པ་རྒྱལ་མཚན་ལགས་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་དང་། རྒྱལ་གཅེས་དཔའ་བོ་རིག་འཛིན་ལགས་གྱིས་ཀྱང་རང་ལུས་ལ་གྲིས་བརྒྱབ་ནས་རྒྱ་གཞུང་གི་གཏེར་ཁ་སྔོག་འདོན་ལས་འཆར་ལ་ངོ་རྒོལ་གནང་བ་སོགས་ལ་བརྟེན་ནས། ཟླ་དེའི་ཕྱི་ཚེས་ ༩ དང་ ༡༠ ཉིན་གཉིས་རིང་གེ་བ་སྡེ་བའི་སྡེ་དཔོན་ད་ལམ་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་བློ་བཟང་ཡེ་ཤེས་ལགས་སོགས། མི་རྒན་པ་འགའི་སྣེ་ཁྲིད་འོག་སྟོང་འབར་ཡུལ་ཚོའི་བོད་མི་རྒན་གཞོན་བར་གསུམ་གྱིས་ངོ་རྒོལ་མུ་མཐུད་གནང་སྐབས། ཆབ་མདོ་ཁུལ་དང་མཛོ་སྒང་རྫོང་སོགས་ནས་ཉེན་རྟོག་པ་དང་དམག་མི་ཡོང་ནས་འཇིགས་སྐུལ་བྱས་ཀྱང་ཡུལ་མི་ཚོས་དང་ལེན་མ་བྱས་སྟབས། ཁུལ་དང་རྫོང་སོགས་ཀྱི་དཔོན་རིགས་འགའ་འབྱོར་ཏེ་ནང་འགྲིག་བྱེད་དགོས་ཞེས་བཤད་དེ་གྲོང་མི་རྣམས་སོ་སོའི་ནང་ལ་ལོག་བཅུག་རྗེས། ཕྱི་ཚེས་ ༡༢ ཉིན་སྡེ་དཔོན་སོགས་མི་བདུན་ཙམ་མཛོ་སྒང་རྫོང་དུ་བཙན་ཁྲིད་ཀྱིས་ལོ་གཅིག་མ་ཟིན་ཙམ་གྱི་རིང་འདྲི་རྩད་བཀག་ཉར་དང་། ཉེས་རྡུང་ཚད་མེད་བཏང་བ་སོགས་དཀའ་ངལ་བཟོད་མཐའ་བྲལ་བ་བཟོས་འདུག
དེ་རྗེས་ཆབ་མདོ་ལ་ཁྲིད་ནས་ཟླ་གཅིག་ཙམ་བཀག་ཉར་དང་། དེ་རྗེས་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་ཁྲིད་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ པའི་ནང་ཁོང་དང་། ཁོང་གི་རོགས་པ་ངག་བཀྲ དེ་བཞིན་ཆོས་ལུག་བསྟན་འཛིན་བཅས་ཁོ་གསུམ་ལ་ལོ་གཉིས་རེའི་ཁྲིམས་ཐག་བཅད་ནས་ཁོང་གཉིས་ད་དུང་བཙོན་ཁང་དུ་ཡོད་འདུག བཙོན་ཁང་ནང་བློ་བཟང་ཡེ་ཤེས་ལ་ཉེས་རྡུང་ཚད་མེད་བཏང་བའི་དབང་གིས་མགོ་ཡུ་འཁོར་བ་སོགས་གཟུགས་པོ་ནད་གཅོང་དུ་གྱུར་ནས། ཉེ་ཆར་ཁོང་ལྷ་སར་ཛ་དྲག་སྨན་ཁང་ཞིག་ཏུ་ཁྲིད་ཡོད་འདུག་ཀྱང་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༩ ཉིན་གྱི་ཆུ་ཚོད་གཉིས་པ་ཡས་མས་ཤིག་ལ་འདས་གྲོངས་སུ་ཕྱིན་འདུག
ཁོང་ནམ་རྒྱུན་སྤྱི་དོན་ལ་འགན་ལེན་དང་དྲང་བདེན་ལྷག་བསམ་ཅན་གྱི་མི་ཞིག་ ཡིན་འདུག་ལ། ཁོང་ལ་བུ་ཕྲུག་བརྒྱད་ཙམ་ཡོད་པའི་ནང་ནས་གཉིས་ད་ལྟ་རྒྱ་གར་ལ་ཡོད་པ་དང་སྤྱིར་ནང་མི་བཅུ་བཞི་ཡོད་པའི་ནང་ནས་རྟེན་ས་གཙོ་བོ་ཁོང་ཡིན་པ་རེད། ཁོང་ད་ལོ་ལོ་དྲུག་ཅུ་རེ་བཞི་ཙམ་ཡིན་འདུག འདས་གྲོངས་ཕྱིན་རྗེས་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་མེད་པ་མ་ཟད་ཉེ་འགྲམ་ལ་ཡང་འགྲོ་བཅུག་མི་འདུག སྤུན་མཆེད་ཚོས་ཞུ་བ་འཐེན་རྗེས་གྲྭ་བ་གཅིག་བསྔོ་སྨོན་གསུང་སར་ཕུང་པོའི་འགྲམ་ལ་བཏང་བ་མ་གཏོགས་དེ་མིན་སྤུན་མཆེད་གཅིག་ཀྱང་བཏང་མི་འདུག
སྐུ་ཕུང་མེར་སྲེག་གཏོང་སྐབས་ཀྱང་སྤུན་མཆེད་གཉིས་ལྷག་ཡོང་མི་ཆོག་ཅེས་བརྗོད་འདུག རྒྱ་གཞུང་གི་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ་ཁུལ་དེའི་བོད་མི་ཚོས་ངོ་རྒོལ་ཐེངས་མང་བྱས་ཡོད་པ་དང། ས་ཁུལ་དེར་ད་དུང་གཏེར་ཁ་སྔོག་བཞིན་ཡོད་འདུག།