༢༠༡༠ ཟླ་ ༨ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༩ ཉིན་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཁང་གི་རུ་སྐད་དྲ་རྒྱའི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཉི་ཧོང་གི་རི་མོ་མཁན་གྲགས་ཅན་ (Taisu Saivai) ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་ཞིག་མུ་འབྲེལ་རི་མོའི་ (Comic) ལམ་ནས་འདོན་སྤེལ་གནང་འདུག་པ་དང། མཛད་རྣམ་དེ་བཞིན་སྔ་ལོ་ཨུ་རུ་སུའི་སྐད་ཡིག་གཙོས་རྒྱལ་སྤྱིའི་སྐད་ཡིད་ཁག་བཅུ་ཙམ་གྱི་ནང་དཔར་སྐྲུན་ཞུས་འདུག་པས། ཉེ་ལམ་མོ་སོ་ཀོར་རྟེན་གཞི་བྱས་པའི་བོད་སྐྱོབ་ཐེབས་རྩ་ཁང་དང། ཀལ་མུཀ་ཉི་ཧོང་མཐུན་འབྲེལ་ཚོགས་པ་ (Moscow based Save Tibet Foundation and Kalmyk Japan Friendship Association) ཟུང་འབྲེལ་གྱིས་རུ་སྐད་དུ་དེབ་གྲངས་ཆིག་སྟོང་ལྔ་བརྒྱ་ཐམ་པ་ཞིག་མཁོ་སྒྲུབ་ཀྱིས་ཀལ་མུཀ་བྱིས་པ་ཚོའི་ཆེད་དུ་མངའ་སྡེ་དེར་ཆེད་གཏོང་ཞུས་འདུག
ཉི་ཧོང་གི་གྲགས་ཅན་རི་མོ་མཁན་དེས་ད་བར་ལོ་ངོ་ཉི་ཤུའི་རིང་རི་མོའི་ལམ་ནས་ཁོར་ཡུག་སྲུང་སྐྱོབ་དང་། འགྲོ་བ་མིའི་ཐོབ་ཐང་སྐོར་སོགས་མིའི་སྤྱི་ཚོགས་ལ་ཕན་པའི་དཔེ་དེབ་སྣེ་མང་ཞིག་འདོན་སྤེལ་གནང་འདུག་པ་མ་ཟད། མ་འོངས་པར་ཡང་ཁོང་ནས་སྟོན་པ་ཡེ་ཤུ་དང། (Jesus Christ) མེས་པོ་དམ་པ་གྷན་རྡི་མཆོག (Mahatma Gandhi) མཱ་ཏཱན་ལུ་ཐར་ཀིང། (Martin Luther King) དེ་བཞིན་ཡུམ་མཆོག་དམ་པ་ཏྲེ་རེ་ས་ (Mother Teresa) སོགས་འཛམ་གླིང་ནང་སྙན་གྲགས་ཅན་གྱི་མི་སྣའི་ལོ་རྒྱུས་སོགས་རི་མོའི་ལམ་ནས་འབྲི་རྩོམ་ཆེད་སྤེལ་གནང་འཆར་ཡོད་འདུག་པ་བཅས།།