༢༠༡༥ ཟླ་ ༧ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༠ དང་། བོད་ཟླ་ ༦ ཚེས་ ༤ ཆོས་འཁོར་དུས་ཆེན་ཉིན་ཚོགས་པ་ཁག་ ༡༡ ཐུན་མོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདིར་དད་ལྡན་ཧི་མཱ་ལ་ཡའི་ནང་ཆོས་རིག་གཞུང་ཚོགས་པ་དང་། བལ་ཡུལ་དགེ་ལྡན་ལྷན་ཚོགས། བལ་ཡུལ་སྤོག་ར་གློ་སྒྲིག་འཛུགས། སྟག་ལུང་གི་ཆོས་བརྒྱུད་འཛིན་པ། ཤངས་དགའ་ལྡན་ཆོས་འཁོར་གླིང་། དབུས་གཙང་ཆོལ་ཁ། བོད་ཀྱི་གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། མངའ་རིས་སྤྱི་མཐུན་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། དབུ་མའི་ལམ་ལས་འགུལ་ཁང་བཅས་ཐུན་མོང་གི་ཐོག་ནས་བརྟན་བཞུགས་གནང་རྒྱུ་བྱས་པ་རེད། བར་སྐབས་ནས་བརྟན་བཞུགས་ཁག་མང་པོ་ཞིག་སྙན་སེང་ཞུ་མཁན་ཡོང་གི་འདུག མི་རེ་ངོ་རེ་བྱས་པ་ཡིན་ན། ངོས་ལའང་དུས་ཚོད་མེད་ལ། དགོས་པའང་ཆེན་པོ་མཐོང་གི་མི་འདུག
དེར་བརྟེན་ཟླ་བསྒྲིལ་བྱས་ཏེ་བརྟན་བཞུགས་བྱས་ན་སྙམ། དེ་རིང་དུས་ཚིགས་དེ་ཡང་དྲུག་པའི་ཚེས་བཞི་ཞེས་ཆོས་འཕྲུལ་ཟླ་བའི་ཚེས་བཞི་འཁེལ་ཡོད། དེ་རིང་དུས་ཚིགས་ཁྱད་པར་ཅན་ཞིག་ཆགས་ཡོད།
ཡོངས་གྲགས་ལྟར་ན་ལོ་ ༢༦༠༠ ཙམ་གྱི་གོང་སྟོན་པ་བཅོམ་ལྡན་འདས་མཆོག་གི་སྤྲུལ་སྐུའི་རྣམ་པ་བསྟན་པ་དང་། དེ་ཡང་ཐེག་ཆེན་གྱི་གཞུང་ནས་སྐུ་བཞི་གསུངས་ཀྱི་ཡོད། སྐུ་བཞི་ནི། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་དེ་ཚོའི་གྲས་དེ་ང་ཚོ་ཐ་མལ་པས་མངོན་གསུམ་གྱི་སྤྱོད་ཡུལ་ཆགས་ཀྱི་མེད། སྤྲུལ་སྐུ་ལ་བཟོ་བོའི་སྤྲུལ་སྐུ་དང་། སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་སྟེ་སྤྲུལ་སྐུ་གསུམ་གྱི་ནང་ནས་མཆོག་གི་སྤྲུལ་སྐུ་དེ་གདུལ་བྱ་ལས་དག་ཐ་མལ་པ་གཅིག་ཡིན་ནའང་མཇལ་ཐུབ་རྒྱུ་ཡོད་པ་ཞིག་ཡིན། ཐ་མལ་པ་ཞིག་གིས་མཇལ་ཐུབ་རྒྱུ་ཡོད་པ་ཞིག་ཡིན་པར་བརྟེན་མི་ཐ་མལ་པ་ནང་བཞིན་བྱས་ནས་རྒྱ་གར་གྱི་རྒྱལ་པོ་ཟས་གཙང་སྲས་སུ་སྐུ་བལྟམས་ཏེ་རིམ་བཞིན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མནར་བ་གཟིགས་ནས་གཟིགས། དེ་དག་གིས་རྐྱེན་གནང་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། དེའི་གོང་ནས་དེའི་ཚེ་དེའི་དུས་རྒྱ་གར་དུ་ཡོད་པའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་དེ་ཚོའི་གྲས་དང་། སྐབས་དེར་ནང་དོན་རིག་པ་ཟེར་བ་མུ་སྟེགས་པ་རང་ཉིད་ཀྱི་ནང་དོན་རིག་པ་ཞིག་ཕལ་ཆེར་ཡོང་གི་རེད།
དེ་བཞིན་དེའི་ཚེ་དེའི་དུས་རྒྱ་གར་དུ་ཡོད་པའི་ཤེས་ཡོན་གྱི་རིགས། ཆོས་བརྒྱུད་འདྲ་མིན་ཚང་མར་གཟིགས་རྟོགས་མཛད་དེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་སུ་ལོ་དྲུག་དཀའ་སྤྱད་མཛད་ནས་གཙོ་བོ་ཏིང་ངེ་འཛིན་བསྒྲུབ་པ་གནང་བ་མ་ཟད། ད་དུང་དེ་ཙམ་གྱིས་སྒྲིབ་པ་སྤོང་ཐུབ་རྒྱུ་མེད་པར་གཟིགས་ནས་བདག་མེད་པའི་དོན་ལ་རང་ཉིད་ཀྱིས་དགོངས་པ་ཀློང་དུ་གྱུར་བ་ལྟ་བུ་ཞིག་ལ་བརྩི་དགོས་བྱ་རྒྱུ་རེད། སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རེངས་མངོན་པར་རྫོགས་པར་ཚངས་རྒྱས་པའི་མཛད་པ་མཛད། ང་ཚོ་རྗེས་འཇུག་འདུལ་བྱ་ལ་མིག་དཔེ་སྟོན་རྒྱུ་ཞིག་ཡིན་པ་རེད། ཐ་མལ་པ་ཞིག་གིས་རིམ་པས་བློ་སྦྱང་ནས་མཐར་སྤངས་རྟོགས་མཐར་ཕྱིན་པ་སྒྲུབ་ཐུབ་རྒྱུ་ཡོད་པ་ཞིག་དང་། སྒྲུབ་ཐབས་དེ་དག་ཀྱང་ཞེ་ས་མ་ཞུས་ན་བཅོམ་ལྡན་འདས་རང་ཉིད་ཀྱིས་ཉམས་མྱོང་ཐོག་ནས་གདུལ་བྱ་ལ་བསྡོམས་པར་མཛད་རྒྱུ་དེ་ལྟར་ཡིན་པ་རེད། ཅེས་བཀའ་སློབ་སྩལ་རྗེས་ནང་ཆོས་སྐོར་བཀའ་སློབ་སྩལ་དོན།
དེ་རིང་ཕྱོགས་མཐའ་ཁག་མང་པོ་ཞིག་ནས་དོན་གཉེར་ཆེན་པོ་བྱས་ཏེ་འདིར་འདུས་ཡོད། ཁྱེད་རང་ཚོ་ལའང་ཆོས་སྐལ་ལྟ་བུ་བྱས། ཁྱེད་ཚོའི་ངོས་ནས་བླ་མར་བརྟན་བཞུགས་འབུལ་གྱི་ཡོད། བླ་མའི་ངོས་ནས་ང་རང་ཚོ་ཚང་མ་ཚེ་རིང་པོ་ཡོང་ཆེད་ཐུན་མིན་གྱི་འབྲེལ་བ་ཡོད་པ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་ལྷ་དབང་ཞུ་རྒྱུ་དང་། དེ་དང་ཆབས་ཅིག་དུས་ཚིགས་ཁྱད་པར་ཅན་ཡིན་པར་བརྟེན་སེམས་བསྐྱེད་བྱེད་རྒྱུ་འདི་ལྟར་ཡིན། ཁྱེད་རང་ཚོ་མང་ཆེ་བས་ནམ་རྒྱུན་ངོས་ཀྱིས་རྟག་པར་ཤོད་སྡོད་རྒྱུ་དེ་གོ་ཐོས་ཡོད། འོན་ཀྱང་ཕྱོགས་མཐའ་ཁག་ནས་ཡོང་བ་དང་། ནམ་རྒྱུན་རྒྱུས་ཡོད་དེ་ཙམ་མེད་པ་དེ་འདྲ་ཡང་ཡོད་ངེས་རེད། དེར་བརྟེན་ངོས་ཀྱིས་ནམ་རྒྱུན་བཤད་རྒྱུ་དེ་སྤྱིར་ཆོས་ཟེར་ན་གང་འདྲ་རེད། ཆོས་བྱེད་པའི་དགོས་པ་གང་ཡོད། དེའི་ཐོག་བསམ་བློ་གཏོང་དགོས། ལྷག་པར་སངས་རྒྱས་པའི་ཆོས་བྱེད་མཁན་དང་། དེའི་ནང་གསེས་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་འདི་དཔལ་ན་ལེནྡྲ་ནས་བརྒྱུད་པའི་ཆོས་ཤིག་ཆགས་ཀྱི་ཡོད། མདོར་ན། ན་ལེནྡྲའི་མཁས་པ་ཚོས་སངས་རྒྱས་ཀྱི་བཀའ་ལ་ཡིན་ནའང་སྒྲ་ཇི་བཞིན་ཁས་བླངས་དུ་རུང་དང་མིན་རུང་དཔྱད་པ་གནང་སྟེ་རིག་པས་གནོད་ཀྱི་ཡོད་པ་ཡིན་ན། སྒྲ་ཇི་བཞིན་ཁས་བླངས་མིན་རུང་བར་བཞག་གནང་གི་ཡོད། རིག་པས་གནོད་ཀྱི་མེད་པ་ཡིན་ན། སྒྲ་ཇི་བཞིན་པར་ཁས་བླངས་རུང་བར་འཛིན་གནང་གི་འདུག འདི་དངོས་གནས་བློ་གཟུ་བོར་གནས་པ་ཞིག་གིས་བལྟས་པ་ཡིན་ན་བཅོམ་ལྡན་འདས་ཉིད་ཀྱི་བཀའ་ལ་ཡིན་ནའང་དཔྱད་པ་བྱས་ཏེ་ཐག་གཅོད་བྱེད་དགོས་པ་ཞིག་ཡོང་གི་ཡོད། འདི་ཧ་ཅང་རླབས་ཆེན་རེད། འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མ་ཧ་ཅང་རྩ་ཆེན་དང་། མི་མང་པོ་ལ་ཕན་ཐོགས་ཀྱི་ཡོད། འདས་པའི་དུས་ནས་ལོ་སྟོང་གཉིས་ཀྱི་རིང་མི་ས་ཡ་མང་པོར་ཕན་ཐོགས་བྱུང་ཡོད།
ད་ལྟ་ཡིན་ནའང་ཕན་བཞིན་པ་རེད། མ་འོངས་པར་ཡང་ལོ་སྟོང་ཕྲག་གི་རིང་ཕན་ཐོགས་ངེས་རེད། ཆོས་ལུགས་ཚང་མར་གུས་ཞབས་དང་བརྩི་བཀུར་འོས་པ་རེད། ཁྱད་པར་འདི་ལྟ་གྲུབ་ཐོག་ནས་འགྲེལ་བཤད་རྒྱག་སྐབས་སྟོན་པ་རང་ཉིད་ཀྱི་ངས་བསྟན་པའི་ཆོས་དེར་བརྟག་དཔྱད་བྱོས་ཞེས་གསུངས་པ་དེ་བཅོམ་ལྡན་འདས་ཀྱིས་ཆོས་ལ་མ་གཏོགས་ཆོས་ལུགས་གཞན་ལ་ཧ་ལམ་མེད། དེ་ཡང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་གསུངས་ཡོད། དེར་བརྟེན་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་བཅོམ་ལྡན་འདས་ཉིད་ཀྱི་བཀའ་ལ་དཔྱད་པ་གནང་ནས་བཀའ་འདི་སྒྲ་ཇི་བཞིན་པར་ཁས་བླངས་ན་རུང་གི་འདུག བཀའ་འདི་དང་འདི་ལྟ་བུ་སྒྲ་ཇི་བཞིན་པར་ཁས་བླང་ན་རུང་གི་མི་འདུག ཅེས་དབྱེ་བ་ཕྱེ་ནས་གསུངས་ཡོད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་རིག་པས་དཔྱད་པ་བྱས་ནས་འགྲོ་དགོས་པ་ཞིག་ཆགས་ཡོད་སྟབས་རླབས་ཆེན་ཞིག་རེད། དེང་སང་ཆོས་ཟེར་མཁན་དེ་རྨོངས་དད་རེད། ཅེས་ཆོས་ལ་དེ་ཙམ་དོ་སྣང་མི་བྱེད་མཁན་ཚོས་ཀྱང་སངས་རྒྱས་ཀྱིས་ཆོས་ལ་རིག་པས་དཔྱད་པ་བྱེད་དགོས་རེད་ཅེས་གསུངས་པ་དེ་མཐོང་སྐབས་སངས་རྒྱས་ཀྱི་ཆོས་དེ་མི་འདྲ་བ་ཞིག་འདུག ཅེས་བརྗོད་ཀྱི་འདུག
བོད་སྐད་ཐོག་ཆོས་ཀྱི་གོ་དོན་ནི་བཅོས་པའི་དོན་རེད། བྱ་ཚིགས་ལྟ་བུར་སྦྱར་ཆོག དེར་བརྟེན་བློ་བཅོས་པའི་སྐད་ཅ་ཆགས་ཀྱི་ཡོད། ལེགས་སྦྱར་གྱི་སྐད་ཐོག་དྷརྨ་ཞེས་པ་དེ་འཛིན་པའམ་སྐྱོབ་པ་ལ་གོ་ཡི་ཡོད། ཆོས་དང་འཇིག་རྟེན་གཉིས་སུ་ཕྱེ་བའི་ཆོས་ལ་སྦྱར་སྐབས་སྐྱོབ་པའི་དོན་ལ་གོ། དེང་སང་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་སྟེང་བལྟས་ན། མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་དེ་དག་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ངང་གིས་འགྲུབ་ཡོད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་ནའང་འཛམ་གླིང་འདིའི་སྟེང་གི་ཤེས་ཡོན་འགྲོ་སྟངས་དེ་ཡང་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་དང་། འདོད་ཡོན་ཁོ་ནར་དམིགས་པ་ཞིག་ཆགས་ཡོད་སྟབས། ཤེས་ཡོན་དེ་བརྒྱུད་ནས་འཚར་ལོངས་བྱུང་བའི་མི་རབས་དེ་མི་ཚེ་ཧྲིལ་པོ་དངོས་པོ་འདོད་ཡོན་རྐྱང་རྐྱང་བསམ་བློ་གཏོང་མཁན་གྱི་མི་རབས་ཤིག་ཆགས་ཡོད། འདོད་ཡོན་ཕུན་སུམ་ཚོགས་པོ་ཨོ་ཙམ་ཡོད་ན་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡིན་པ་ལྟ་བུ་དང་། འདོད་ཡོན་གྱི་ཕོང་བསྡད་པ་དེ་མི་ཚེ་སྡུག་བསྔལ་ཅན་ལ་རྩི་རྒྱུ་འདི་འདྲ་ཞིག་འདུག སྤྱིར་ལུས་པོ་འདི་ལ་བརྟེན་པ་དེར་འདོད་ཡོན་ཞིག་དགོས་ཀྱི་ཡོད། འོན་ཀྱང་འདོད་ཡོན་གཅིག་པུས་འདང་གི་མེད་པ་དེང་སྐབས་ཧ་ཅང་དངོས་གསལ་དོད་པོ་ཆགས་ཡོད། འདོད་ཡོན་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་བཅས་སྒོ་ཐམས་ཅད་ནས་ཕུན་སུམ་ཚོགས་པོ་ཡོད་མཁན་གྱི་མི་གང་ཞིག་སེམས་ཀྱི་ནང་དངངས་སྐྲག་དང་། མ་སྐྱིད་པ། ཁོང་ཁྲོ། ཆགས་སྡང་སོགས་ཀྱི་དུས་འདས་ནས་མ་སྐྱིད་པ་བྱས་ནས་སྡོད་མཁན་མང་པོ་ཞིག་ང་ཚོའི་མཐོང་ཆོས་སུ་ཡོད། གང་ལྟར་བདེ་སྐྱིད་ཅེས་པ་དེ་བདེ་སྐྱིད་འདོད་པ་གཅིག་པ་ཡིན་ནའང་། བདེ་སྐྱིད་ཟེར་བ་དེ་ཕྱིའི་འདོད་ཡོན་ལ་བརྟེན་པའི་ཡིད་ཚོར་སིམས་པ་དེ་འདྲ་ཙམ་ཞིག་ལ་བདེ་སྐྱིད་མཐར་ཐུག་ལ་བརྩིས་སྡོད་རྒྱུ་དེས་མ་འདང་པ་ཧ་ཅང་གསལ་པོ་རེད།
དེང་སང་ཤེས་ཡོན་ཅན་མང་པོ་ཞིག་གིས་ད་ལྟ་ཡོད་བཞིན་པའི་ཤེས་ཡོན་གྱི་འདང་གི་མི་འདུག ཅེས་མང་པོས་མཐོང་ཚུལ་གཅིག་པ་ཡོང་གི་འདུག ནང་སེམས་ཀྱི་བདེ་སྐྱིད་དང་ཞི་བདེ་དགོས་ཀྱི་ཡོད་པ་དེང་སང་ཚན་རིག་པ་ཚོས་དོ་སྣང་གསར་པ་ཞིག་བྱེད་བཞིན་ཡོད། འདི་ལྟ་བུའི་དུས་ཚོད་ལ་སེམས་ཀྱི་བདེ་སྐྱིད་བསྒྲུབ་པར་སེམས་ཀྱི་བདེ་སྐྱིད་གཏོར་བཤིག་གཏོང་མཁན་དང་མེད་པ་བཟོ་མཁན་དེ་ཕྱིའི་གོ་མཚོན་གཅིག་གིས་བྱས་པ་མ་རེད། གཙོ་བོ་ནང་གི་ཆགས་སྡང་གི་དབང་གིས་སེམས་མ་སྐྱིད་པ་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་རེད།
ཆགས་སྡང་མེད་པ་བཟོ་རྒྱུར་ཕྱི་ལོག་ནས་ཁབ་བརྒྱབ་ནས་མེད་པ་བཟོ་རྒྱུ་མེད། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ་ཟེར་བ་ཞིག་ཚོང་ཁང་ནས་ཚོང་རྒྱུ་དང་ཉོ་རྒྱུ་མེད་པར་བརྟེན། ང་ཚོའི་ཆོས་སྐད་ནང་དུ་ཉོན་མོངས་དུག་གསུམ་རང་ལ་རང་ཆས་སུ་ཡོད་པ་དེ་སེལ་རྒྱུའི་ཐབས་ཤེས་དེ་ཡང་རང་གི་སེམས་རྒྱུད་ཀྱི་སྟེང་ནས་ཆགས་སྡང་རྨོངས་གསུམ་སེལ་རྒྱུའི་ཐབས་ཤེས་བྱེད་དགོས་པ་རེད་མ་གཏོགས། ཕྱི་ནས་ཐབས་གཞན་ཞིག་རྩ་བ་ནས་མེད་པ་ནི་ཧ་ཅང་གསལ་པོ་རེད།
དེང་སང་འཛམ་གླིང་འདིའི་སྟེང་ཨ་རི་གཙོ་བོར་གྱུར་བའི་ཡུལ་གྲུ་མང་པོའི་ནང་ད་ལྟ་ཡོད་བཞིན་པའི་ཤེས་ཡོན་དེའི་འདང་གི་མི་འདུག་ཅེས་བརྗོད་བཞིན་ཡོད། གང་ལྟར་སེམས་ཁམས་རིག་པའི་སྐོར་སློབ་སྦྱོང་བྱེད་རྒྱུ་དང་། དེ་བཞིན་བྱམས་བརྩེ་ལྡན་པ་ཞིག་དགོས་ཀྱི་ཡོད་པ་མང་པོས་ཤོད་ཀྱི་འདུག དེང་སྐབས་ཨ་རིའི་གྲོང་ཁྱེར་འགའ་ཞིག་ལ་བྱམས་བརྩེའི་གྲོང་ཁྱེར་ཞེས་མིང་བཏགས་ཡོད་འདུག མིའི་སྤྱི་ཚོགས་ནང་བྱམས་བརྩེ་དགོས་རྒྱུའི་ཐོག་དོ་སྣང་བྱེད་དགོས། ཆོས་ཀྱི་སྐད་ཆ་གང་ཡང་མ་རེད། ཆོས་ཡོད་རུང་མེད་རུང་བྱམས་བརྩེ་དགོས་ཀྱི་ཡོད་པ་དེ་འཛམ་གླིང་འདིའི་སྟེང་མང་པོ་ཞིག་མཐོང་ཚུལ་ཡོང་གི་ཡོད། དེ་བཞིན་སྨན་བཅོས་འཕྲོད་བསྟེན་བྱེད་མཁན་ཁྲོད་སེམས་ཞི་བདེ་མེད་ན་ལུས་ལ་ན་ཚ་གསར་པ་ཡོང་རྒྱུ་དང་། ན་ཚ་ཡོད་བཞིན་པ་དེ་དྲག་ཁག་པོ། སྡུག་ས་ནས་རང་སྲོག་གཅོད་མཁན་མང་པོ་ཡོང་གི་ཡོད། དཔེར་ན། རྒྱ་གར་ནང་གྲོང་ཁྱེར་ཆེ་ཁག་གི་ནང་རང་ཤི་རྒྱག་མཁན་མང་བ་ཡོང་གི་ཡོད། ཉེ་འདབས་ཀྱི་གྲོང་གསེབ་དེ་ཚོའི་ནང་རང་ཤི་རྒྱག་མཁན་ཉུང་བ་ཡོང་གི་ཡོད། དེ་དག་ཚང་མ་སེམས་ལ་ཐུག་ཡོད། གྲོང་གསེབ་ནང་ཞིང་ལས་བྱེད་སྐབས་གཅིག་གིས་གཅིག་ལ་རོགས་བྱེད་རྒྱུ་སོགས་མིའི་སྤྱི་ཚོགས་ཀྱི་འདུ་ཤེས་ཤུགས་ཆེ་བ་ཆགས་ཡོད་སྟབས། དཀའ་ངལ་ཞིག་འཕྲད་སྐབས་ལབ་ས་ཡོད་བསམས་པའི་བཟོ་འདྲ་ཡོང་གི་ཡོད། ཞིང་ལས་བྱེད་བཞིན་སྡོད་ཀྱི་ཡོད་པར་བརྟེན་སེམས་ཀྱང་ཕྲན་བུ་ལྷོད་པ་ཡོད་། གྲོང་ཁྱེར་ནང་ལས་ཀ་བྱེད་མཁན་ཚོ་སོ་སོའི་ཁ་ཐུག་ཁ་ཐུག་ལས་ཀ་བྱས་རྗེས་ལྟོ་ཕོགས་བླང་ནས་བསྡད་པ་ཙམ་ལས། ཁྱིམ་མཚེས་དང་མཉམ་རུབ་ཀྱི་འདུ་ཤེས་དེ་ཙམ་མེད་པར་བརྟེན། དཀའ་ངལ་འཕྲད་སྐབས་རེ་བ་བྲལ་བ་ལྟ་བུ་ཆགས་ཏེ། རང་ཤི་རྒྱག་མཁན་གྲོང་ཁྱེར་ནང་མང་པོ་ཞིག་ཡོང་གི་ཡོད་པ་དང་གྲོང་གསེབ་ནང་ཉུང་བ་ཡོང་བཞིན་ཡོད། དེས་གསལ་པོར་མཚོན་ཐུབ། དངོས་གནས་བྱས་ན་མཐུན་རྐྱེན་གྱི་ཆ་ནས་གྲོང་ཁྱེར་ནང་བཟང་བ་ཡོད། གློག་བརྙན་དང་གཟུགས་མཐོང་རླུང་འཕྲིན་ལྟ་རྒྱུས་མཚོན་ཟས་སྣ་འདྲ་མིན་བཟའ་རྒྱུ་སོགས་མཐུན་རྐྱེན་ཡག་པ་ཡོད།
འོན་ཀྱང་རྩ་བའི་སེམས་ལ་ཞི་བདེ་བག་ཕེབས་དེ་དག་གྲོང་གསེབ་ནང་མང་བ་ཡོད། ང་ཚོས་འཚོལ་རྒྱུ་བདེ་སྐྱིད་ཅེས་པ་དེ་ནང་ལ་མཛུབ་མོ་འཛུགས་རྒྱུ་ཞིག་མ་གཏོགས། བདེ་སྐྱིད་དེ་ཕྱི་ནས་ཡོང་རྒྱུ་མེད་པ་ཧ་ཅང་གསལ་པོ་རེད། གང་ལྟར་དེ་སྔ་ལོ་ཉིས་བརྒྱ་ཙམ་གྱི་ནང་ཚན་རིག་གི་རིག་གནས་དང་འབྲེལ་བའི་ཐོག་ནས་འཕྲུལ་འཁོར་གྱི་ཡར་རྒྱས་ཤུགས་ཆེན་པོ་ཞིག་འཛུགས་སྐྲུན་བྱས་ཡོང་སྐབས་མི་ཚང་མས་ཨ་གསར་ལྟ་བུ་བྱས་ནས་དངོས་པོ་ཡར་རྒྱས་ལ་ཧ་ཅང་ཧེབ་ལྟ་བུ་ལང་ནས་འགྲོ་བཞིན་ཡོད། དངོས་པོ་ཡར་རྒྱས་ལ་ཧ་ཅང་གཙིགས་ཆེར་འཛིན་ནས་མི་རབས་གཅིག་གཉིས་མར་འགྲོ་སྐབས་དངོས་པོ་ཡར་རྒྱས་ཧ་ཅང་ཚད་མཐོན་པོར་བསླེབས་སྐབས་དེས་འདང་གི་མེད་པའི་གནས་ཚུལ་ཞིག་མཐོང་བཞིན་ཡོད། དེར་བརྟེན་ཆོས་ཁས་ལེན་མིན་ཇི་ལྟར་ཡང་སེམས་ཀྱི་བདེ་སྐྱིད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དེང་སྐབས་མཐོང་བཞིན་ཡོད།
བར་སྐབས་ལོ་བཅུ་གྲངས་ཕྱིན་པ་རེད། ཚན་རིག་པ་དང་ཤེས་ཡོན་མཁས་པ་དེ་འདྲས་དེང་སྐབས་འཛམ་གླིང་སྟེང་ཡོད་པའི་ཤེས་ཡོན་ལམ་ལུགས་ནང་སེམས་ཁམས་རིག་པ་དང་འབྲེལ་བའི་སེམས་ཀྱི་མྱོང་བ་ངོ་སྤྲད་ནས་སེམས་ལ་བཟོ་བཅོས་རྒྱག་རྒྱུ་དང་།
སྦྱོང་བརྡར་བྱེད་རྒྱུ་གཅིག་དགོས་ཀྱི་འདུག་ཅེས་གཙོ་བོ་ཨ་རིའི་ནང་རེད། ཨ་རིའི་ནང་ངོས་ཀྱི་ངོ་ཤེས་ཚན་རིག་པ་གྲོགས་པོ་ཁག་གཅིག་དང་ཤེས་ཡོན་མཁས་པ་ཁག་གཅིག་གིས་ཚོད་ལྟ་བྱས་ནས་ཚོད་ལྟའི་ཐོག་ནས་གྲུབ་འབྲས་ཡག་པོ་ཞིག་ཡོང་སྐབས། དེ་རྒྱུ་མཚན་རྨང་གཞི་ལྟ་བུ་བྱས་ནས་དེ་རིང་ཁ་སང་ཚོད་ལྟ་གཅིག་བྱས་དང་བྱེད་མུས་ཡིན།
དེ་བཞིན་ཁེ་ན་ཌར་ British Columbia སློབ་གྲྭའི་ནང་སེམས་ཀྱི་ཞི་བདེ། བྱམས་བརྩེའི་སྐོར་སློབ་སྦྱོང་སྤྲོད་དགོས་པ་དེ་གལ་ཆེན་པོ་ཡིན་པ་ཞིག་མཐོང་ནས་མངའ་སྡེ་དེར་ཧ་ལམ་གཞུང་འབྲེལ་ཐོག་གཏན་འབེབས་བྱས་ཡོད། དེའི་གྲས་ནི་འགྱུར་བ་ཞིག་རེད། མིའི་ཉམས་མྱོང་མང་པོ་ཞིག་ཕྱོགས་བསྡུས་བྱེད་སྐབས་ཕྱི་དངོས་པོ་ཡར་རྒྱས་གཅིག་པུས་འདང་གི་མེད་པའི་གནས་ཚུལ་ཞིག་བསླེབས་ཀྱི་ཡོད།
ཆོས་ཟེར་བ་དེ་སེམས་ལ་བདེ་སྐྱིད་སྤྲོད་མཁན་ཞིག་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། མཐར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་དུ་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་སྟངས་ཐོག་བཀའ་སློབ་སྩལ་དོན། ཐོག་མ་བོད་པ་བཙན་བྱོལ་དུ་འབྱོར་མ་ཐག་གྲྭ་རྒྱུན་དཀོན་པོ་ཆགས་སྐབས་ལ་དྭགས་ཀྱིས་གཙོས་ཧི་མཱ་ལ་ཡའི་རི་རྒྱུད་ནས་གྲྭ་རྒྱུན་མང་པོ་སྤེལ་ཐུབ་པ་བྱུང་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐད་ཕན་ཐོགས་ཆེན་པོ་བྱུང་ཡོད་པས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ལྷག་པར་དེང་སང་ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་གྱི་དགོན་པ་ཁག་དང་མང་ཚོགས་ནང་ཆོས་ལ་སློབ་གཉེར་ཡར་རྒྱས་གཏོང་བཞིན་ཡོད་པ་དེ་ཧ་ཅང་གི་ཡག་པོ་ཡིན་སྟབས། མ་འོངས་པར་མུ་མཐུད་ཡར་རྒྱས་གཏོང་དགོས། ཉེ་ལམ་བལ་ཡུལ་ནང་ས་ཡོམ་གྱིས་གོད་ཆག་ཚབས་ཆེན་ཕོག་སྐབས། བལ་ཡུལ་ནང་དུ་ཡོད་པའི་བོད་ཀྱི་དགོན་པ་ཁག་དང་། མི་མང་ཚོས་གང་ནུས་ཅི་ཡོང་གིས་རོགས་རམ་བྱས་པ་དེ་ཧ་ཅང་ཡག་པོ་ཡིན་ལ། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ། །